ལྷོ་ཀོ་རི་ཡའི་ནང་མི་གྲངས་བརྒྱ་ཕྲག་ཁ་ཤས་ལ་ཏོག་དབྱིབས་ནད་འབུ་འགོས་འདུག
ལྷོ་ཀོ་རི་ཡའི་ནང་ཏོག་དབྱིབས་ནད་འབུ་གསར་བ་འགོས་ཡོད་པའི་ནད་པ་གསར་བ་༣༠༠་མ་ཟིན་ཙམ་བྱུང་བའི་ཁྲོད་ཨ་རིའི་དམག་མི་ཞིག་ཡོད་འདུག
-
2020-02-26 -
-
-
ལྷོ་ཀོ་རི་ཡའི་ནང་ཏོག་དབྱིབས་ནད་འབུ་གསར་བ་འགོས་ཡོད་པའི་ནད་པ་གསར་བ་༣༠༠་མ་ཟིན་ཙམ་བྱུང་བའི་ཁྲོད་ཨ་རིའི་དམག་མི་ཞིག་ཡོད་འདུག
དེ་ཡང་རོའུ་ཀྲར་(reuters)་གསར་ལས་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ལྷོ་ཀོ་རི་ཡས་རེས་གཟའ་ལྷག་པའི་ཉིན། ཡུལ་དེར་ཏོག་དབྱིབས་ནད་འབུ་གསར་བ་འགོས་པའི་ནད་པ་༢༨༤་བྱུང་ཡོད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་ལ། དེ་ལས་ནད་པ་གཅིག་ཨ་རིའི་དམག་མི་ཞིག་ཡིན་པའི་སྐོར་འཁོད་ཡོད་འདུག
ཨ་རིའི་དམག་མི་དེ་ནི་རང་ལོ་ཉེར་གསུམ་ཡིན་པ་དང་། ཁོང་ད་ལྟ་དམག་ཁུལ་དང་ལོགས་སུ་རང་ཁྱིམ་དུ་ཆེད་ལས་སྨན་པས་སྨན་བཅོས་བྱེད་བཞིན་ཡོད་འདུག་ལ། ནད་པ་དེ་ཉེ་ཆར་ (Camp Walker)་ཞེས་པའི་ས་ཁུལ་དུ་སོང་མྱོང་ཡོད་ཅིང་། དེ་ནི་འཛམ་གླིང་གི་ས་ཁུལ་འདྲ་མིན་དུ་ཡོད་པའི་ཨ་རིའི་དམག་མི་ཞིག་ལ་ཏོག་དབྱིབས་ནད་འབུ་འགོས་པའི་གནས་ཚུལ་ཐོག་མ་དེ་ཡིན་འདུག
དེང་སྐབས་ཏོག་དབྱིབས་ནད་འབུ་གསར་བ་འགོས་ཁྱབ་ཀྱི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པའི་སྐབས་འདིར། ཨ་རི་དང་ལྷོ་ཀོ་རི་ཡའི་མཉམ་འབྲེལ་གྱི་དམག་སྦྱོང་བྱ་རྒྱུ་ཇེ་ཉུང་དུ་གཏོང་རྒྱུའི་དགོངས་པ་བཞེས་བཞིན་ཡོད་པའི་སྐོར་འཁོད་ཡོད་འདུག
ད་ལྟའི་ཆར་ལྷོ་ཀོ་རི་ཡར་ཏོག་དབྱིབས་ནད་འབུ་འགོས་པའི་ནད་པ་ཁྱོན་༡༢༦༡་ལྷག་ཡོད་པ་དང་། ནད་དུག་ཚབས་ཆེ་བའི་ས་ཁུལ་ལམ་ཚོགས་མི་འབུམ་གཉིས་ཀྱིས་གྲུབ་པའི་ཡེ་ཤུ་ཆོས་ལུགས་ཀྱི་ཚོགས་མི་རྣམས་ལ་ནད་འབུ་དེ་འགོས་ཡོད་མེད་ཀྱི་བརྟག་དཔྱད་བྱ་རྒྱུའི་གྲ་སྒྲིག་གནང་བཞིན་ཡོད་ལ། ས་ཁུལ་དེར་བརྟག་དཔྱད་བྱས་པ་ཡིན་ན་ནད་པའི་གྲངས་ཀ་མུ་མཐུད་དུ་འཕར་ངེས་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག