རྒྱ་ནག་ནང་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་ཕོག་མཁན་ནད་པ་ཁྲི་དྲུག་ལྷག་བརྒལ་འདུག

དཀར་མཛེས་རྟའུ་རྫོང་དུ་བྱུང་བའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་པ་མང་ཆེ་ཤོས་མི་ཚང་གསུམ་གྱི་ནང་མི་ཉེ་འབྲེལ་ཡིན་འདུག

བོད་ནང་དགེ་འདུན་པ་ཞིག་གིས་ནད་ཡམས་སྔོན་བྱེད་བཞིན་པ། ༢༠༢༠།༢ བོད་འབྱོར།

དཀར་མཛེས་རྟའུ་རྫོང་དུ་བྱུང་བའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་པ་མང་ཆེ་ཤོས་མི་ཚང་གསུམ་གྱི་ནང་མི་ཉེ་འབྲེལ་ཡིན་འདུག
དེ་ཡང་འདི་ཚེས་༡༢་ཉིན་དཀར་མཛེས་ཁུལ་རྟའུ་རྫོང་དུ་ཏོག་དབྱིབས་ནད་འབུ་གསར་བ་འགོས་པའི་ནད་པ་གསར་བ་ ༡ ་དང་། ཀན་ལྷོ་གཙོད་གྲོང་ཁྱེར་ནང་ནད་པ་གསར་བ་ ༡་བྱུང་ཡོད་པ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཚེས ༡༣ ཉིན་གནས་ཚུལ་སྤེལ་འདུག
གནས་ཚུལ་ནང་བཀོད་པ་ལྟར་ན། རྟའུ་ཕྱོགས་སུ་བྱུང་བའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་པ་མང་ཆེ་ཤོས་མི་ཚང་གསུམ་གྱི་ནང་མི་ཉེ་འབྲེལ་ཡིན་པ་དང་། དེའི་ནང་གི་ཁྱིམ་ཚང་གཅིག་ནི། ཟླ་༡་པའི་ཚེས་༢༧་ཉིན། ནད་པ་ཚངས་ཆེ་གེ་མོ་ཟེར་བའི་ནང་མི་ཡིན། ཁོང་སྐྱུག་མེར་ལངས་པ། སྐྱུགས་པ་སོགས་ཀྱི་ནད་རྟགས་ཐོན་ནས་སྨན་བཅོས་བྱས་རྗེས་ལམ་སེང་ལོགས་སུ་བཀར་བ་མ་ཟད་འབྲེལ་བ་དམ་ཟབ་ཡོད་མཁན་ཚོར་ཡང་གྲལ་བཤེར་བྱས་ཡོད།   ཟླ་༢་བའི་ཚེས་ ༩ ་ཉིན་ཁོང་གི་བུ་ཆེ་བ་དང་བཟའ་ཟླ་གཉིས་ཀར་རིམས་ནད་འགོས་ཡོད་པ་གཏན་འཁེལ་བྱས་པ་དང་། ཚེས་༡༠་ཉིན་ཨ་ནེ་འབྲིང་བ་དང་། ཚ་མོ། གཅེན་པོའི་མནའ་མ་བཅས་མི་གསུམ་ལ་ཡང་ནད་དེ་འགོས་པ་གཏན་འཁེལ་བྱས། ཚེས་༡༡་ཉིན་དེའི་བཟའ་ཟླའི་ཨ་ཕ་དང་། གཅེན་པོ། བུ་ཆུང་བ། ཚ་བོ་བཅས་མི་བཞིར་རིམས་ནད་འགོས་ཟིན་པ་གཏན་འཁེལ་བྱས་ཡོད་འདུག
ཁྱིམ་ཚང་གཉིས་པ་དེ་ནི། ཟླ་ ༢ ་པའི་ཚེས་༩ ་ཉིན་ནད་པ་རིན་ཆེ་གེ་མོར་གསོ་རིག་ཞིབ་དཔྱད་ཚད་ལེན་བྱས་ནས་ནད་ཕོག་ཡོད་པ་གཏན་འཁེལ་བྱས་པ་དང་། ཚེས་༡༠ ་ཉིན་དང་ཚེས་༡༡ ཉིན་ཁག་སོ་སོར་དེའི་གཅུང་མོ་དང་གཅེན་མོ་གཉིས་ཀར་ཞིབ་དཔྱད་བྱས་རྗེས་ནད་དེ་ཕོག་པ་གཏན་འཁེལ་བྱས་འདུག
ཁྱིམ་ཚང་གསུམ་པ་ནི། ཟླ་༢ ་པའི་ཚེས་༩ ་ཉིན་ནད་པ་རྡོ་ཆེ་གེ་མོར་ཞིབ་དཔྱད་ཚད་ལེན་བྱས་རྗེས་ནད་དེ་ཕོག་པ་གཏན་འཁེལ་བྱས་པ་དང་། ཚེས་༡༡་ཉིན་ཁོང་གི་ཕ་མ་གཉིས་དང་ཚ་བོ་ཚ་མོ་བཅས་མི་༤་ལ་ཞིབ་དཔྱད་ཚད་ལེན་བྱས་རྗེས་ནད་དེ་འགོས་པ་ཐག་བཅད་ཡོད་པ་རེད།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གསར་ལམ་དང་གཞན་གསར་ལམ་ཁག་གི་གྲངས་ཐོ་ཞིབ་འཇུག་མཉམ་བསྡུར་བྱས་བ་ལྟར། འདི་གའི་ཚེས་ ༡༣ ་ཉིན་བར། བོད་མི་གནས་སྡོད་ལྗོངས་དང་ཞིང་ཆེན་ཁག་ལྔའི་ནང་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་བྱུང་བའི་ནད་པའི་གྲངས་འབོར་ནི། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཁུལ་ལྷ་ས་གྲོང་ཁྱེར་ནང་ནད་པ་མི་གྲངས་ ༡ ་དང་། མཚོ་སྔོན་ཟི་ལིང་དུ་ ༡༥ མཚོ་བྱང་ཁུལ་དུ་༣ སི་ཁྲོན་དཀར་མཛེས་ཁུལ་དུ་༣༧ ༼དེའི་ནང་༣༢་རྟའུ་རྫོང་ནས་ཡིན༽ རྔ་བ་ཁུལ་དུ་༡ ཀན་ལྷོའམ་མདོ་ལྷོ་ཁུལ་དུ་བསྡོམས་༧ ་བཅས་བྱུང་འདུག
གཞན་སྤྱི་ཡོངས་ནས་འདི་གའི་སྤྱི་ཟླ་ ༢ པའི་ཚེས་ ༡༣ ་ཉིན་གྱི་ཞོགས་པ་བར། རྒྱ་ནག་ནང་མི་གྲངས་ ༦༠༣༤༩ ་ལྷག་ལ་ནད་ཡམས་དེ་འགོས་ཡོད་པ་གཏན་འཁེལ་བྱུང་བ་དང་། དེའི་ཁྲོད་ཀྱི་ནད་པ་མི་གྲངས་ ༡༣༧༠ ་ལྷག་གྲོངས་འདུག་ལ་འཛམ་གླིང་གི་ཡུལ་གྲུ་ཁག་༢༥་ཙམ་གྱི་ནང་ནད་ཡམས་དེ་ཁྱབ་ཡོད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org