བོད་ནང་ཏོག་དབྱིབས་ནད་འབུ་སྔོན་འགོག་ཆེད་ས་གནས་མང་པོས་འགྲོ་འོང་བཀག་འདུག

བོད་ཀྱི་ས་ཁུལ་གང་སར་ཁུལ་དང་རྫོང་རིམ་པ་བྱས་ནས་ཏོག་དབྱིབས་ནད་འབུ་སྔོན་འགོག་ཆེད་ཕན་ཚུར་འགྲོ་འོང་བཀག་ནས་ལྟ་རྟོགས་ནན་མོ་བྱེད་བཞིན་འདུག

བོད་ནང་ཏོག་དབྱིབས་ནད་འབུ་སྔོན་འགོག་ཆེད་ས་གནས་མང་པོའི་གཞུང་ལམ་བཀག་པ། ༢༠༢༠།༡།༢༨ བོད་འབྱོར།

བོད་ཀྱི་ས་ཁུལ་གང་སར་ཁུལ་དང་རྫོང་རིམ་པ་བྱས་ནས་ཏོག་དབྱིབས་ནད་འབུ་སྔོན་འགོག་ཆེད་ཕན་ཚུར་འགྲོ་འོང་བཀག་ནས་ལྟ་རྟོགས་ནན་མོ་བྱེད་བཞིན་འདུག
རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་ནས་འཛམ་གླིང་གི་ས་ཕྱོགས་གང་སར་ཏོག་དབྱིབས་ནད་དུག་ཁྱབ་གདལ་དུ་སོང་ནས་ནད་པ་དང་ནད་པ་གྲོངས་བའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་བཞིན་པ་དང་བསྟུན། བོད་ནང་ཁུལ་དང་རྫོང་། ཡུལ་ཚོ་དང་གྲོང་ཚོ་རིམ་པ་བྱས་ནས་ས་གནས་གང་སར་ནད་ཡམས་དེ་ཁྱབ་གདལ་མི་ཡོང་བའི་ཆེད་ཕར་ཚུར་འགྲོ་འོང་གི་གཞུང་ལམ་ཆེ་ཁག་མང་པོ་བཀག་ནས་འགྲོ་ས་མེད་པར་བཟོ་བཞིན་པ་རེད། བརྙན་པར་ཁག་གི་ནང་རྔ་བ་ནས་གཅིག་སྒྲིལ་རྫོང་ལ་འགྲོ་སའི་གཞུང་ལམ་བཀག་ཡོད་པ་ས་གནས་དེར་འགྲོ་མཁན་ཞིག་གིས་བརྙན་ལམ་ནས་ངོ་སྤྲོད་གནང་འདུག
གཞན་འདི་ཚེས་༢༧་ཉིན་ནས་ཀན་ལྷོ་ཁུལ་ལམ་མདོ་ལྷོ་ཕྱོགས་སུ་ས་གནས་རྒྱ་ནག་གཞུང་གིས་བཀའ་རྒྱ་བཏང་བ་ལྟར། ཁུལ་དང་རྫོང་། ཡུལ་ཚོ་དང་གྲོང་སྡེ་རིམ་པའི་བར་སྤྱི་སྤྱོད་འགྲིམ་འགྲུལ་ཡོངས་སུ་བཀག་ཡོད་པ་དང་། གླ་གཏོང་རླངས་འཁོར་དང་སྒེར་གྱི་རླངས་འཁོར་སོགས་ལ་གནས་སྐབས་དམིགས་བསལ་གྱི་ཆོག་མཆན་ཡོད་པ་མ་གཏོགས་འགྲོ་འོང་མི་ཆོག་པར་ཡོངས་སུ་བཀག་སྡོམ་བྱས་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་ཡོད།
དེ་མིན་ཡང་རྨ་ལྷོ་སོག་རྫོང་ནས་ཕྱིར་འགྲོ་ས་མེད་པར་འགྲོ་ལམ་བཀག་པ་དང་། འཛམ་ཐང་དང་པདྨ་གཉིས་བར་གྱི་ལམ་ཁ་བཀག་ཡོད་པ། སེར་ཤུལ་རྫ་ཆུ་ཁ་ནས་མཚོ་སྔོན་ཡུལ་ཤུལ་ཕྱོགས་སུ་འགྲོ་ས་མེད་པར་གཞུང་ལམ་བཀག་ཡོད་པ་དྲ་ལམ་གྱི་བརྙན་པར་སོགས་ལས་གསལ་བོ་མཐོང་ཐུབ་ལ་དེའི་ཐད་བོད་ནང་གི་བོད་མི་ཁག་ཅིག་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འདྲི་བརྩད་བྱས་སྐབས་ཁོང་ཚོས་ཀྱང་འགྲོ་ལམ་བཀག་པ་དངོས་བདེན་ཡིན་པ་དང་དེའི་རྐྱེན་གྱིས་ཐག་རིང་སར་འགྲོ་བསྐྱོད་ཐུབ་ཀྱི་མེད་པ་བརྗོད་ཡོད། ད་དུང་དཀར་མཛེས་ཕྱོགས་ཀྱི་བོད་མི་ཞིག་གིས། དཀར་མཛེས་ཁུལ་གྱི་མངའ་ཁོངས་སུ་མི་གསུམ་ལ་ཏོག་དབྱིབས་ནད་དུག་འགོས་འདུག་ཟེར་བ་དྲ་ལམ་ནས་མཐོང་བྱུང་། ད་ཆ་ས་གནས་ཡུལ་མི་ཚོས་གཟབ་ནན་བྱེད་ཀྱི་འདུག ཡིན་ཡང་རྒྱལ་ཁབ་ཀྱིས་ཁ་རས་དང་ཁ་ཐུམ་གནང་སྤྱིན་བྱེད་བཞིན་པ་དེ་འདྲ་ད་སྔ་མཐོང་མ་བྱུང་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་དེ་བཞིན་འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་གྱི་གནས་སྟངས་འདྲི་ཞིབ་བྱས་པའི་སྐབས་ཉེ་དུས་རང་ཕྱིའི་རྒྱལ་ཁབ་ཞིག་ནས་ལྷ་སར་ཕྱིར་ལོག་བྱས་པའི་བོད་མི་ཞིག་གིས་ནད་ཡམས་དེ་ད་ལྟའི་ཆར་ལྷ་ས་གྲོང་ཁྱེར་ནང་ཁྱབ་ཡོད་པ་གཞུང་འབྲེལ་ཁྱབ་བསྒྲགས་གང་ཡང་བྱས་མེད་པ་གསུངས་པ་དང་།  ཁོང་གིས་ཁོང་ལྷ་སའི་གོང་དཀར་གནམ་ཐང་དུ་འབྱོར་སྐབས་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་དམིགས་བསལ་བརྟག་དཔྱད་བྱེད་མཁན་ཆེད་བཙུགས་བྱས་ནས་ཧ་ཅང་གི་དོ་དམ་པོ་ཡོད་པ་གསལ་སྟོན་ཡང་གནང་ཡོད་པ་རེད།  
ཁོང་གིས་གསུངས་ན་ ཕྱི་ཟླ ༡ ཚེས་༢༨་ནས་བཟུང་རྒྱ་ནག་ནས་ལྷ་སར་གནམ་གྲུའི་ནང་འགྲུལ་བ་འབྱོར་མཁན་རྣམས་གནམ་ཐང་ནས་བརྟག་དཔྱད་བྱས་མིན་ལ་མ་བལྟོས་པར་མུ་མཐུད་ཉིན་གྲངས་བཅུ་བཞིའི་རིང་ཟུར་བཀག་བྱེད་བཞིན་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org