རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་གློ་ཚད་འགོས་ནད་གསར་བ་ཕོག་མཁན་མི་གྲངས་བཅུ་བདུན་གྲོངས་འདུག

ཝུའུ་ཧན་གྲོང་ཁྱེར་གྱི་སྤྱི་ཁྱབ་པས་ཛ་དྲག་ཡིན་ན་མ་གཏོགས་ཝུའུ་ཧན་གྲོང་ཁྱེར་ནང་མི་ཕེབས་རྒྱུ་དང་ཕར་ཚུར་འགྲོ་བསྐྱོད་མི་གནང་བའི་འབོད་སྐུལ་ཞུས་འདུག

རྒྱ་ནག་ཝུའུ་ཧན་(Wuhan)་གྲོང་ཁྱེར་སྨན་ཁང་གི་མྱུར་སྐྱོབ་ཚན་པའི་མདུན། ༢༠༢༠།༡།༢༢ AP

ཝུའུ་ཧན་གྲོང་ཁྱེར་གྱི་སྤྱི་ཁྱབ་པས་ཛ་དྲག་ཡིན་ན་མ་གཏོགས་ཝུའུ་ཧན་གྲོང་ཁྱེར་ནང་མི་ཕེབས་རྒྱུ་དང་ཕར་ཚུར་འགྲོ་བསྐྱོད་མི་གནང་བའི་འབོད་སྐུལ་ཞུས་འདུག
ཆམ་ནད་ལྟ་བུའི་གློ་ཚད་འགོས་ནད་ཀྱི་ནད་འབུ་གསར་བ་དབྱིན་སྐད་དུ་(coronavirus)་ཞེས་བ་རྒྱ་ནག་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་(Wuhan)་གྲོང་ཁྱེར་ནས་ཐོག་མར་བྱུང་ནས་ཁྱབ་གདལ་དུ་སོང་བར་བརྟེན། དེ་འགོས་ཁྱབ་མི་འགྲོ་བའི་ཆེད་འདི་ལོའི་རྒྱ་ནག་གི་དཔྱིད་གསར་དུས་ཆེན་དང་ལུགས་རྙིང་ལོ་སར་སྐབས། ཕར་ཚུར་འགྲོ་བསྐྱོད་དང་མི་མང་འདུ་འཛོམས་བྱ་རྒྱུ་སོགས་མ་གནང་རོགས་ཞེས་མང་ཚོགས་ལ་འབོད་སྐུལ་ཞུས་འདུག
རྒྱ་ནག་གི་དཔྱིད་གསར་དུས་ཆེན་དང་ལུགས་རྙིང་ལོ་སར་འདི་ཚེས་༢༤་རེས་གཟའ་པ་སངས་ནས་འགོ་འཛུགས་ཀྱི་ཡོད་པ་དང་། ཉིན་འདི་ཚོར་རྒྱ་ནག་རྒྱལ་ནང་དུ་མི་མང་ཕར་ཚུར་འགྲུལ་བཞུད་མང་བའི་དུས་སྐབས་ཡིན་པས། གནམ་ཐང་དང་། མེ་འཁོར་ས་ཚུགས། རླངས་འཁོར་བབས་ཚུགས་སོགས་མི་ཚོགས་མང་པའི་ས་གནས་སུ་ཆམ་ནད་ལྟ་བུའི་གློ་ཚད་འགོས་ནད་ཀྱི་ནད་འབུ་གསར་བ་འགོས་ཁྱབ་དུ་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་པ་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
ཝུའུ་ཧན་གྲོང་ཁྱེར་གྱི་གྲོང་ཁྱེར་སྤྱི་ཁྱབ་ཀྲའོ་ཞན་ཝང་གིས། གྲོང་མི་ཚོ་ཕྱི་བསྐྱོད་དང་། ཕྱི་ནས་མགྲོན་འབོད་ཞུ་རྒྱུ་སོགས་མ་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག་ལ། དེ་བཞིན་ཁོང་གིས་(CCTV)་བརྙན་འཕྲིན་བརྒྱུད། ཛ་དྲག་གནས་སྟངས་ཡིན་ན་མ་གཏོགས་ཕྱི་ནས་ཝུའུ་ཧན་གྲོང་ཁྱེར་ནང་མ་ཕེབས་རོགས་གནང་ཞེས་ནན་སྐུལ་ཞུས་འདུག
ཡང་རྒྱ་ནག་རྒྱལ་ནང་གི་འཕྲོད་བསྟེན་འགན་འཛིན་ལི་པིན་གྱིས། གཅིག་མཚུངས་ཕར་ཚུར་འགྲོ་བསྐྱོད་དང་མི་མང་འདུ་འཛོམས་བྱ་རྒྱུ་སོགས་མ་གནང་རོགས་ཞེས་མང་ཚོགས་ལ་འབོད་སྐུལ་ཞུས་འདུག
ཝུའུ་ཧན་གྲོང་ཁྱེར་ནང་མི་གྲངས་ས་ཡ་༡༡་ཙམ་གནས་སྡོད་བྱེད་ཀྱི་ཡོད་པ་དང་། དེ་བཞིན་གྲོང་ཁྱེར་དེ་ནི་རྒྱ་ནག་ནང་གི་འགྲིམ་འགྲུལ་ལྟེ་གནས་གལ་ཆེ་ཞིག་ཀྱང་ཡིན་པ་རེད། གྲོང་ཁྱེར་དེའི་གནམ་ཐང་དང་། མོ་ཊའི་འབབ་ཚུགས། གནམ་གྲུ་དང་། རི་ལིའི་ནང་སོགས་སུ་ཚ་བ་ལྟ་བྱེད་ཀྱི་འཕྲུལ་ཆས་བཞག་ནས་རྟག་དཔྱད་དང་སྔོན་འགོག་གི་ལས་དོན་སྤེལ་བཞིན་པ་རེད།
རེས་གཟའ་མིག་དམར་ཉིན་ཝུའུ་ཧན་གྲོང་ཁྱེར་ནས་སྤྱི་བསྒྲགས་ཤིག་སྤེལ་ནས། འདི་ལོའི་ལོ་གསར་སྲུང་བརྩི་ཞུ་རྒྱུའི་མཛད་རིམ་ཁག་ཕྱིར་འཐེན་གནང་འདུག་ལ། དེ་བཞིན་སྔ་ལོའི་ལོ་གསར་སྐབས་ཡུལ་སྐོར་དང་མཆོད་མཇལ་བ་མི་གྲངས་འབུམ་བདུན་ལྷག་འབྱོར་སའི་ཁུལ་དེའི་ཀུའེ་ཡོན་དགོན་པའི་ཆོས་ཕྱོགས་ཀྱི་མཛད་རིམ་རྣམས་ཀྱང་ཕྱིར་འཐེན་བྱས་འདུག
རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ལྟར་ན།  ཝུའུ་ཧན་གྲོང་ཁྱེར་ནས་ཐོན་པའི་གློ་ཚད་འགོས་ནད་རིགས་ཀྱི་ནད་འབུ་གསར་བ་དེ་ད་བར་མི་གྲངས་༤༧༠་ལྷག་ལ་འགོས་ཟིན་པ་དང་། དེའི་ཁྲོད་ཉུང་མཐར་ནད་པ་མི་གྲངས་ ༡༧ ་རྐྱེན་འདས་སུ་ཕྱིན་འདུག་ལ། ད་དུང་ཡང་ནད་འབུ་གསར་བ་དེ་འགོས་པའི་མི་གྲངས་དང་འདས་གྲོངས་སུ་སོང་བའི་མི་གྲངས་འཕར་བཞིན་པ་རེད།
ནད་འབུ་གསར་བ་དེ་ཐོག་མར་རྒྱ་ནག་ཝུའུ་ཧན་ནས་ཐོན་པ་དང་དེ་ནས་རྒྱ་ནག་ནང་གི་ཞིང་ཆེན་༢༡་བརྒྱུད་ཐེ་ཝན་དང་། ཐེ་ལེན་ཊི། སོང་གྷ་ཕུར། ཉི་ཧོང་། ཨ་རི་སོགས་སུ་ཐོན་ཡོད་པ་རེད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཆེད་མཁས་མི་སྣ་ཛ་དྲག་གི་ཚོགས་འདུ་འཚོགས་ནས་ཝུའུ་ཧན་གྲོང་ཁྱེར་ནས་ཐོན་པའི་གློ་ཚད་འགོས་ནད་འདི་འཛམ་གླིང་རང་བཞིན་གྱི་ཉེན་ཚབས་ཆེ་བའི་འགོས་ནད་ཞིག་ཡིན་པ་གསལ་བསྒྲགས་བྱེད་དགོས་མིན་ཐད་གྲོས་བསྡུར་གནང་བཞིན་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org