རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡིང་ཅེ་ཡིས། ལྐོག་རྔན་སྒོར་དུང་ཕྱུར་གསུམ་ལྷག་བླངས་པའི་ཉེས་པར་ངོས་ལེན་བྱས་ཡོད་པ་བསྒྲགས་འདུག

ཟླ་ ༣ ཚེས་ ༢༠ ཉིན། རྒྱ་ནག་གཞུང་འབྲེལ་པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གསུམ་པས། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡིང་ཅེ་ (Wu Yingjie) ཡིས་ཁྲིམས་འགལ་ལྐོག་ཟ་རུལ་སུངས་རྒྱ་སྒོར་དུང་ཕྱུར་ ༣.༤༣ བླངས་ཡོད་པ་དང་། ཁྲིམས་ཁང་གིས་ཁོས་ལྐོག་ཟ་རུལ་སུངས་ཀྱི་དངུལ་མུ་མཐུད་བདའ་འདེད་གཏོང་རྒྱུ་བྱས་ཡོད་སྐོར་དང་། ཝུའུ་ཡིང་ཅེ་ཡིས་ཁྲིམས་རར་རང་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་ཡོད་པ་བསྒྲགས་འདུག

བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡེང་ཅེ་(Wu Yingjie) ༢༠༡༩།༣།༦ ཉིན། AP

ཟླ་ ༣ ཚེས་ ༢༠ ཉིན། རྒྱ་ནག་གཞུང་འབྲེལ་པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གསུམ་པས། དེ་སྔ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་དང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཟུར་པ་ཝུའུ་ཡིང་ཅེ་ (Wu Yingjie) ཡིས་ཁྲིམས་འགལ་ལྐོག་ཟ་རུལ་སུངས་རྒྱ་སྒོར་དུང་ཕྱུར་ ༣.༤༣ བླངས་ཡོད་པ་དང་། ཁྲིམས་ཁང་གིས་ཁོས་ལྐོག་ཟ་རུལ་སུངས་ཀྱི་དངུལ་མུ་མཐུད་བདའ་འདེད་གཏོང་རྒྱུ་བྱས་ཡོད་སྐོར་དང་། ཝུའུ་ཡིང་ཅེ་ཡིས་ཁྲིམས་རར་རང་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་ཡོད་པ་བསྒྲགས་འདུག

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡིང་ཅེ་ལ། སྔ་ལོའི་ཟླ་ ༦ ནས་བཟུང་ལྐོག་ཟ་རུལ་སུངས་ཀྱི་ཞིབ་བཤེར་བྱེད་མགོ་ཚུགས་ཡོད་པ་རེད་ལ། ཐེངས་འདིར་པེ་ཅིང་མི་མང་འབྲིང་རིམ་ཁྲིམས་ཁང་གསུམ་པས་ཝུའུ་ཡིང་ཅེ་ཡིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་དང་། དྲིལ་བསྒྲགས་འགོ་ཁྲིད་དང་སྲིད་གཞུང་གི་འགོ་ཁྲིད་གཞོན་པ་སོགས་ཀྱི་འགན་འཁུར་རིང་ལས་གནས་སྤྱད་ནས། འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་ལས་གྲྭ་འགན་གཙང་ལེན་པ་དང་ཁེ་ལས་གཉེར་སྐྱོང་སོགས་བྱེད་རོགས་བྱས་ཏེ་ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་དངོས་བླངས་ཡོད་པ་བཀོད་འདུག

དེ་བཞིན་སྔ་ལོའི་ཟླ་ ༡༢ ནང་རྒྱ་ནག་གཞུང་འབྲེལ་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཞིབ་བཤེར་བརྟག་དཔྱད་བྱས་པའི་བརྒྱུད། ཝུའུ་ཡིང་ཅེ་ཡིས་ཏང་ལ་དད་སེམས་ཉམས་པ་དང་ཏང་གཤིས་ཀྱི་རྩ་དོན་ཤོར་བ། ཕུགས་བསམ་ཉམས་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་ཆབ་སྲིད་ཁོར་ཡུག་ལ་གཏོར་སྐྱོན་བཟོས་པ་སོགས་ཀྱི་ཉེས་མིང་བཀལ་ཏེ། ཝུའུ་གཡིང་ཇེ་ཏང་གི་སྐྱིད་སྡུག་དང་ལས་གནས་ནས་ཕྱིར་ཕུད་ཀྱི་ཉེས་ཆད་བཅད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། ཁོས་བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེ་བཟོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བྱེད་པོའི་འགན་འཁྲི་སྒྲུབ་ནུས་མི་འདང་བ། ལྐོག་ཟ་རུལ་སུངས་ཀྱི་གནད་དོན་མཆེད་པར་མཐུན་རྐྱེན་བསྐྲུན་པ། ཆབ་སྲིད་ཀྱི་ཁོར་ཡུག་ལ་གཏོར་བཤིག་བཏང་བ་སོགས་ཀྱི་ནག་ཉེས་བསྒྲགས་ཡོད་པ་རེད།

ཝུའུ་ཡིང་ཅེ་ཡིས་ཕྱི་ལོ་ ༢༠༡༦ ནས་ ༢༠༢༡ བར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེའི་གོ་གནས་བཟུང་སྟེ། དུས་ཡུན་དེའི་རིང་དམིགས་བསལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བཙན་བྱོལ་བོད་མི་ཚོར་ཁ་བྲལ་འཐབ་རྩོད་དགོས་པའི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་རེད་ལ།  ཕྱི་ལོ་ ༢༠༢༢ ལོར་ཨ་རི་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེ་བཏང་བའི་ནག་ཉེས་འོག་ཝུའུ་ཡིང་ཅེ་དང་། ལྷ་སའི་ཉེན་རྟོག་སྤྱི་ཁྱབ་ཟུར་པ་ཀྲང་ཧོང་པའོ་ (Zhang Hongbo) ཟེར་བ་གཉིས་ལ། ཨ་རིར་ཡོད་པའི་རྒྱུ་དངོས་ཡོངས་རྫོགས་བཀག་སྡོམ་བྱས་ཏེ་ཉེས་ཆད་བཀལ་ཡོད་པ་རེད།

ཝུའུ་ཡིང་ཅེ་ནི་དམར་ཤོག་ཚོགས་ཆེན་ ༢༠ རྗེས་སུ་ཞིབ་བཤེར་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་མཐོ་རིམ་འགོ་ཁྲིད་ ༥ པ་དེ་ཆགས་ཡོད་པ་རེད་ལ། འདི་ལོའི་ཟླ་ ༡ ཚེས་ ༢༩ ཉིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་ཁྲིད་གཞོན་པ་ཝང་ཡོང་དང་། ཟླ་ ༣ པའི་ནང་བོད་རང་སྐྱོང་ལྗོངས་དམངས་ཆེན་གྱི་རྒྱུན་ལས་འགོ་ཁྲིད་གཞོན་པ་ཇི་གོ་ཀང་། འདི་ལོའི་ཟླ་ ༡ ནང་བོད་རང་སྐྱོང་སྲིད་གཞུང་དམར་ཚོགས་ཀྱི་འགོ་ཁྲིད་གཞོན་པ་ཀྲང་ཧོང་ཙི། ཟླ་ ༦ ཚེས་ ༡༤ ཉིན་བོད་རང་སྐྱོང་ལྗོངས་རྒྱུན་ལས་ལྷན་ཁང་གི་འགོ་ཁྲིད་གཞོན་པ་ཅང་ཅེ་བཅས་སྔ་རྗེས་སུ་གནས་དབྱུང་བཏང་སྟེ་ཞིབ་བཤེར་བྱས་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྣམ་རྒྱལ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org