གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་སུ་མཉམ་རུབ་ཐག་གཅོད།

ཨ་མི་རི་ཀའི་སྲིད་འཛིན་མཆོག་གིས་རྒྱལ་སྤྱིའི་གནམ་གཤིས་ཚ་དྲོད་ཆུང་དུ་གཏོང་ཐབས་ལ་རྒྱལ་ཁབ་མཉམ་རུབ་ཀྱི་ཐག་གཅོད་ཡོང་ཐབས།

༄༅༎ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་དེང་སྐབས་ཌེན་མཀ་ཀྱི་རྒྱལ་ས་ཀོ་པེན་ཧེ་གེན་དུ་ཚོགས་བཞིན་པའི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་ཀྱི་ལྷན་ཚོགས་སུ་ཕེབས་པའི་རྒྱལ་སྤྱིའི་དབུ་ཁྲིད་དང་མཇའ་འཕྲད་གནང་སྟེ་རྒྱལ་སྤྱིའི་གནམ་གཤིས་ཚ་དྲོད་ཆུང་དུ་གཏོང་ཐབས་ལ་རྒྱལ་ཁབ་མཉམ་རུབ་ཀྱི་ཐག་གཅོད་ཡོང་ཐབས་འབད་བརྩོན་གནང་བཞིན་ཡོད་པ་རེད།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་སྒྲིག་གནང་བའི་ལྷན་ཚོགས་དེའི་ཐོག་སྲིད་འཛིན་ཨོ་སྦ་མ་ཚོགས་ཞུགས་གནང་བ་ལྟར་ཁོང་གིས་ལྷན་ཚོགས་དེའི་ཐོག་ལ། འཇར་མ་ནིའི་སྲིད་བློན་ལྕམ་ཨེན་གེ་ལ་མཱར་ཀེལ་མཆོག་དང་སྦེ་རེ་ཛིལ་གྱི་སྲིད་འཛིན། ར་ཤི་ཡའི་སྲིད་འཛིན། རྒྱ་གར་གྱི་སྲིད་བློན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་སོགས་དང་མཇལ་འཕྲད་གནང་ཡོད་པ་དང། དེ་རྗེས་རྒྱ་ནག་གི་སྲིད་བློན་ལྦེན་ཅ་བའོ་དང་མཇལ་འཕྲད་གནང་རྒྱུའི་འཆར་གཞི་ཡོད་པ་རེད།

དེ་བཞིན་ལྷན་ཚོགས་དེའི་ནང་ཕེབས་པའི་རྒྱལ་ཁབ་ཁག་༡༩༣གྱི་སྐུ་ཚབ་ཚོས་མ་འོངས་པར་རྒྱལ་སྤྱིའི་གནམ་གཤིས་ཚ་དྲོད་ཀྱི་ཚད་གཞི་དེ་ནི། དེ་སྔ་འཛམ་གླིང་ནང་འཕྲུལ་རིག་ལག་རྩལ་གསར་གཏོད་མ་བྱས་པའི་གོང་གི་ལོ་རབས་སྐབས་ཀྱི་གནམ་གཤིས་ཀྱི་ཚ་དྲོད་ལས་ད་དུང་ལྡབས་གཉིས་ཀྱིས་ཆུང་དུ་གཏོང་རྒྱུའི་འཆར་གཞི་ལག་བསྟར་ཡོང་རྒྱུར་ཕྱི་ལོ་༢༠༢༠ནང་ཚུད་ལ་འཕྲུལ་རིག་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཚོས་རྒྱལ་ཁབ་སྐྱོ་བ་ཚོར་ཨ་རིའི་ཌོ་ལར་ཐེར་འབུམ་བརྒྱ་ཐམ་པའི་རོགས་དངུལ་སྤྲོད་དགོས་པའི་སྐོར་ལ་རེས་གཟའ་པ་སངས་མཚན་གང་གོ་བསྡུར་དང་སྦྱང་བཤད་བྱས་ཏེ་མཐར་ཟིན་བྲིས་ཤིག་ཐོག་བཀོད་ཐུབ་པ་བྱུང་ཡོད་པ་རེད། འོན་ཀྱང་མཐར་ཟིན་བྲིས་དེའི་ནང་དུ་བཀོད་པའི་དེ་སྔ་འཕྲུལ་རིག་གསར་གཏོད་མ་བྱས་པའི་དུས་རབས་སྐབས་ཀྱི་གནམ་གཤིས་ཚ་དྲོད་ལྟ་བུ་ཆུང་དུ་གཏོང་རྒྱུའི་ལོ་དུས་ག་ནས་འགོ་བཙུགས་རྒྱུ་དང། ཁ་རླུང་སྦག་བཙོག་གི་ཚོད་གཞི་ཇི་ཙམ་ཉུང་དུ་གཏོང་རྒྱུའི་གནད་དོན་ཐོག་དགོངས་ཚུལ་མི་མཐུན་པའི་རྐྱེན་གྱིས་ཟིན་བྲིས་དེར་མཐའ་མའི་གྲོས་འཆམ་བྱུང་མེད་པ་རེད།  

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org