ཨོ་སི་ཀྲོ་ལི་ཡར་བོད་མི་ན་གཞོན་ལ་ཟབ་སྦྱོང༌།
ཨོ་སི་ཀྲོ་ལི་ཡ་དང་ནིའུ་ཛི་ལན་དྲིའི་ཁུལ་གྱི་བོད་རིགས་ན་གཞོན་མཐོ་སློབ་ཐོན་པ་དང་མཐོ་སློབ་ནང་སྐྱོད་བཞིན་པ་བཅས་ལ་ཟབ་སྦྱོང་ཞིག་གོ་སྒྲིག།
-
2011-01-12 -
-
-
༄༅༎ཨོ་སི་ཀྲོ་ལི་ཡའི་བོད་གཞུང་སྐུ་ཚབ་དོན་གཅོད་ལས་ཁང་གི་གོ་སྒྲིག་གནང་ཏེ་ཨོ་སི་ཀྲོ་ལི་ཡ་དང་ནིའུ་ཛི་ལན་དྲིའི་ཁུལ་གྱི་བོད་རིགས་ན་གཞོན་མཐོ་སློབ་ཐོན་པ་དང་མཐོ་སློབ་ནང་སྐྱོད་བཞིན་པ་བཅས་ལ་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་འཁོད་འདུག
ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ཕྱི་ཟླ་དང་པོའི་ཚེས་༦ནས་༩བར་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིདྲི་ནི་ནང་ཡོད་པའི་སིདྲི་ནིའི་དབུས་ན་གཞོན་མགྲོན་ཁང་ཞེས་པའི་ནང་ཉིན་གཉིས་དང་ཕྱེད་ཀའི་རིང་གོང་ཞུས་སློབ་ཕྲུག་ཚོར་ཟབ་སྦྱོང་གནང་ཡོད་པ་དང་ ཟབ་སྦྱོང་ནང་བཞུགས་མཁན་ཁྱོན་སློབ་ཕོ་མོ་༢༠ཙམ་བྱུང་ཡོད་ཅིང་ཟབ་སྦྱོང་ནང་བོད་ཀྱི་ཆོས་དང་རིག་གཞུང་ ཡུལ་སྲོལ་གོམས་བཤིས་ དེ་བཞིན་བོད་ཀྱི་དུས་ཆེན་ཁག་དང་གཞས་སྣ་འདྲ་མིན་དང་ཞབས་བྲོ་ ལྷ་མོའི་འཁྲབ་གཞུང་འདྲ་མིན་དར་འཕེལ་འབྱུང་སྟངས་སོགས་ཀྱི་ཐོག་མཁྱེན་རྒྱ་ཡངས་པ་ཁག་ཅིག་གདན་ཞུ་གནང་ཏེ་སློབ་ཕྲུག་ཚོར་ཟབ་སྦྱོང་སྤྲད་གནང་ཡོད་པ་རེད་ ཟབ་སྦྱོང་དབུ་འཛུགས་གནང་སྐབས་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཟབ་སྦྱོང་དུ་བཅར་མཁན་ཡོངས་ལ་འཚམས་འདྲི་དང་ཟབ་སྦྱོང་འདི་ལྟ་བུ་ཞིག་གོ་སྒྲིག་ཞུས་དགོས་པ་དགོས་པ་རྒྱུ་མཚན་བཅས་གསལ་བཤད་གནང་ཡོད་པ་དང་ ཉིན་རྒྱབ་སྐུ་ཚབ་དོན་གཅོད་ནས་བོད་ཀྱི་རྒྱལ་རབས་སྙིང་བསྡུས་ངོ་སྤྲོད་དང་ དྲི་བ་དྲི་ལན་གནང་ཡོད་པ་དང་ དེ་རྗེས་ནིའུ་སའོཐ་ལྦེལ་སི་ཞེས་པའི་གཙུག་ལག་སློབ་གཉར་ཁང་གི་ཁྲིམས་ལུགས་དགེ་རྒན་ལས་ཟུར་སྐུ་ཞབས་ཇོན་པེསི་ཡིས་བོད་དང་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་བརྗོད་གཞིའི་ཐོག་ཟབ་ཁྲིད་གནང་ཡོད་ཅིང་ དེ་བཞིན་ཨོ་སི་ཀྲོ་ལི་ཡ་བོད་ཀྱི་ལྷན་ཚོགས་ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་སྐུ་ཞབས་པོལ་སྦོཀ་ཡིས་བོད་ཀྱི་བདེན་དོན་སེལ་ཐབས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་ལས་འགུལ་སྤེལ་སྟངས་ས་གནས་བོད་རིགས་རྒན་གཞོན་ཚང་མས་མཉམ་ཞུགས་གནང་གལ་ཆེ་བའི་སྐོར་ངོ་སྤྲོད་གནང་ཡོད་འདུག