ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་པས་བོད་མཐོ་སྒང་དེ་མི་འབོར་ས་ཡ་མང་པོའི་འཐུང་ཆུའི་འབྱུང་ཁུངས་ཡིན་པ་གསུངས་འདུག

འཛམ་གླིང་གི་ཆུའི་བདུན་ཕྲག་ཞེས་པའི་ལྷན་ཚོགས་དེར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་དང་ཧི་མ་ལ་ཡ་མངའ་ཁུལ་ནང་ཆུའི་སྲུང་སྐྱོབ་ཐོག་ཆེད་ལས་མི་སྣས་བགྲོ་གླེང་གནང་འདུག

སྒྲིག་བཟོ།

ཕྱི་ཚེས་ ༢༤ ཉིན་སུཝི་ཌན་གྱི་རྒྱལ་ས་ Stockholm ནང་སྐོང་འཚོགས་གནང་བའི་འཛམ་གླིང་གི་ཆུའི་བདུན་ཕྲག་ཞེས་པའི་ལྷན་ཚོགས་དེར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་ཧི་མ་ལ་ཡ་མངའ་ཁུལ་ནང་ཆུའི་སྲུང་སྐྱོབ་ཐོག་གདོང་ལེན་བྱེད་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་པ་རེད་འདུག    བགྲོ་གླེང་གི་ལྷན་ཚོགས་དེར་ Mountain Resiliency Project ཞེས་པའི་ཁོར་ཡུག་གི་ཚོགས་པ་དེའི་ནང་ཕྱག་ལས་གནང་མཁན་ཚེས་བཅུ་སྒྲོལ་མ་ལགས་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་བློ་བཟང་གཡང་འཚོ་ལགས་དང་ International Water Management Institute རྒྱལ་སྤྱིའི་ཆུའི་འཛིན་ཁང་ཞེས་པ་དེའི་ནང་བལ་ཡུལ་གྱི་སྐུ་ཚབ་འབུམ་རམས་པ་ Manohara Khadka རྣམ་པ་གསུམ་གྱིས་གསུང་བཤད་གནང་ཡོད་པ་རེད་འདུག    གོང་ཞུས་ཀྱི་ལྷན་ཚོགས་དེར་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་དྲུང་གཞོན་དང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་ཨཛ་ར་ཛི་ཡ་ Uzra Zeya མཆོག་གིས་བརྙན་འཕྲིན་ཐོག་སྒྲ་བཅུག་གསུང་བཤད་གནང་བའི་ནང་བོད་མཐོ་སྒང་དེ་འཛམ་གླིང་ནང་གི་མི་འབོར་གྱི་བརྒྱ་ཆ་ ༢༣ དང་ཨེ་ཤེ་ཡའི་གླིང་ཆེན་ནང་གི་མི་འབོར་ཐེར་འབུམ་གཅིག་དང་ས་ཡ་བརྒྱད་བརྒྱ་ཐམ་པའི་འཐུང་ཆུའི་འབྱུང་ཁུངས་ཀྱི་གལ་གནད་ཀྱི་རང་བཞིན་ཡིན་སྐོར་གསལ་འདོན་གནང་ཡོད་པ་རེད་འདུག དེ་ཡང་ཁོང་གིས་འཛམ་གླིང་གནམ་གཤིས་འགྱུར་ལྡོག་དང་འཛུགས་བསྐྲུན་གྱི་ལས་གཞི་སོགས་པའི་གནད་དོན་མང་དག་ཅིག་གི་ཐོག་ནས་བོད་མཐོ་སྒང་གི་གནད་འགག་ཆེ་བའི་འཐུང་ཆུའི་འབྱུང་ཁུངས་དེར་ཉེན་འཚབ་མུ་མཐུད་ནས་འཕྲད་བཞིན་ཡོད།   དཔེར་ན། ཉེ་བའི་དུས་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མཐོ་སྒང་ཁྱོན་ཡོངས་ཐོག་རྒྱུགས་ཆུ་ཁག་གཞི་རྒྱ་ཆེན་པོའི་ཐོག་ཁ་བསྒྱུར་གྱི་ལས་གཞི་དང་ཆུ་རག་མང་དག་གསར་བསྐྲུན་གྱི་ལས་དོན་སྤེལ་ཡོད།   སྲིད་བྱུས་དེ་དག་རྒྱ་ནག་ནང་གི་བོད་མི་ས་ཡ་དྲུག་གི་བསམ་བློ་དང་མཐུན་པའི་བྱུས་བཀོད་དང་ལག་བསྟར་མ་བྱེད་པ་དེས་བོད་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་འདུ་སྡོད་ཁག་ཁ་འཐོར་གཏོང་གི་ཡོད་པ་རེད་ཅེས་ལྕམ་ཨཛ་ར་ཛེ་ཡ་མཆོག་གི་གསུང་འཕྲིན་དེའི་ནང་བརྗོད་ཡོད་པ་རེད་འདུག།

 གསར་འགོད་པ། བཀྲིས་དབང་ཕྱུག ལྷུན་གྲུབ་ཚེ་རིང་།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org