ས་སྐྱ་བདག་ཁྲི་རིན་པོ་ཆེས་ཆོས་འབྲེལ་གསུང་ཆོས།
དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོགཁེ་ན་ཌར་ཆག་པའི་ས་སྐྱ་ཐུབ་བསྟན་ཀུན་དགའ་ཆོས་གླིང་ཆོས་ཚོགས་སུ་ཕེབས་ནས་གསུང་ཆོས་གནང་རྒྱུ།
-
2011-08-03 -
-
-
༄༅༎འཁོན་རིགས་བསྟན་པའི་གསལ་བྱེད་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་ཟླ་བ་འདིའི་ཚེས་༡༦དང་༡༧གཉིས་ལ་ཁེ་ན་ཌའི་སྦི་རི་ཀྲིཤ་ཀོ་ལམ་སྦི་ཡ་(British Columbia)མངའ་སྡེའི་ཁྱབ་ཁོངས་ལྦིཀ་ཀྲོ་རི་ཡ་ས་གནས་སུ་ཆག་པའི་ས་སྐྱ་ཐུབ་བསྟན་ཀུན་དགའ་ཆོས་གླིང་ཆོས་ཚོགས་སུ་ཕེབས་ནས་གསུང་ཆོས་གནང་རྒྱུ་ཡིན་སྐོར་ས་གནས་དེའི་གསར་ཤོག་ཨོཀ་སྦེ་ནང་གནས་ཚུལ་སྤེལ་འདུག།
ཕྱི་ཚེས་༡༦ཉིན་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ལྦིཀ་ཀྲོ་རི་ཡ་ཁུལ་དད་ལྡན་ཆོས་ཞུ་བ་ཚོར་ཉིན་རེའི་འཚོ་བའི་ནང་། ནང་ཆོས་ཉམས་ལེན་བྱེད་སྟངས་སྐོར་བཀའ་སློབ་དང༌། དེ་ནས་ཕྱི་ཚེས་༡༧ཉིན་མང་ཚོགས་ལ་བཀའ་དབང་བསྩལ་གནང་མཛད་ཀྱི་ཡོད་པ་རེད།
གོང་ཞུས་ས་སྐྱའི་ཆོས་ཚོགས་དེ་བཞིན་ལོ་ངོ་༤༠མིན་ཙམ་གྱི་གོང་༡༩༧༢ལོར་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ས་སྐྱའི་དགེ་བཤེས་བཀྲིས་རྣམ་རྒྱལ་ལགས་ཞུ་བ་ཞིག་ཁུལ་དེར་ཆོས་ཚོགས་གསར་འཛུགས་ཆེད་གཏོང་གནང་མཛད་ཡོད་པ་རེད། ཆོས་ཚོགས་དེའི་ཚོགས་གཙོ་ཀྲེ་རི་ཆེན་ཀྲི་ལར་ཡིས་ དགེ་བཤེས་རྣམ་རྒྱལ་ལགས་ཐོག་མར་ཁུལ་དེའི་ཕེབས་སྐབས་ནང་ཆོས་སྐོར་སུས་ཀྱང་ཤེས་རྟོགས་མེད་པ་དང༌། དགེ་བཤེས་ལགས་ཀྱིས་ནང་ཆོས་ཐོག་བསླབ་པ་མཐར་སོན་གནང་ཡོད་ཀྱང་ཁོང་གི་སྐུ་ཡོན་ལ་བསྔགས་བརྗོད་དང་ངོས་འཛིན་ཞུ་མཁན་མེད་པའི་སྐུ་ངལ་ཆེན་པོ་འཕྲད་ཡོད་པའི་སྐོར་འགྲེལ་བརྗོད་གནང་བཞག། འོན་ཀྱང་དགེ་བཤེས་ལགས་ཀྱིས་ལོ་མང་པོ་སྐུ་ངལ་སྐྱོན་ནས་ས་སྐྱ་ཐུབ་བསྟན་ཀུན་དགའ་ཆོས་གླིང་དེ་བཞིན་ཚག་ཚུགས་ལྡན་པ་ཞིག་བཟོས་གནང་ཡོད་པ་དང༌། མཐར་༢༠༠༨ལོར་དགེ་བཤེས་ལགས་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་རྗེས་། ཆོས་ཚོགས་དེར་ནང་ཆོས་སློབ་འཁྲིད་གནང་མཁན་བླ་མ་བྱམས་པ་བསྟན་འཛིན་ལགས་བསྐོ་བཞག་གནང་ཡོད་པ་རེད།