བོད་ནང་མནར་གཅོད་ཀྱི་ལམ་ནས་འབུར་འཇོམས་བྱེད་བཞིན་པའི་བྱ་སྤྱོད་མཚམས་འཇོག་དགོས་བའི་འབོད་སྐུལ་གནང་འདུག

རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཉིན་མོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་ལ་བོད་ནང་མནར་གཅོད་ཀྱི་ལམ་ནས་འབུར་འཇོམས་བྱེད་བཞིན་པའི་བྱ་སྤྱོད་མཚམས་འཇོག་དགོས་བའི་འབོད་སྐུལ་གནང་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བསྒྲགས་གཏམ། ༠༦།༢༦།༢༠༢༣ སྒྲིག་བཟོ། /TCHRD

ལོ་ལྟར་ཕྱི་ཟླ་༦པའི་ཚེས་༢༦ཉིན་ནི། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མནར་གཅོད་ཕོག་མཁན་རྣམས་ལ་རྒྱབ་སྐྱོར་གྱི་རྒྱལ་སྤྱིའི་མནར་གཅོད་འགོག་ཐབས་ཀྱི་ཉིན་མོ་ཡིན་པར་བརྟེན། འདི་ཚེས་༢༦ཉིན་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རྒྱ་ནག་གཞུང་གིས་མནར་གཅོད་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་ཀྱིས་སྐུལ་བའི་འགན་འཁྲི་དག་ངེས་པར་དུ་ཚུལ་བཞིན་སྒྲུབ་དགོས་པ་ལས་བོད་ནང་གི་བོད་མི་རྣམས་ལ་མནར་གཅོད་ཀྱི་ལམ་ནས་སྟངས་འཛིན་བྱེད་པ་དང་། བོད་ཀྱི་ཆོས་རིག་དང་། སྐད་ཡིག གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ལ་མནར་གཅོད་ཀྱི་ལམ་ནས་འབུར་འཇོམས་བྱེད་བཞིན་པའི་བྱ་སྤྱོད་དག་འཕྲལ་དུ་མཚམས་འཇོག་དགོས་པ་མ་ཟད། ད་བར་མནར་གཅོད་ཀྱི་སྒོ་ནས་ཉེས་མེད་ཉེས་འགེལ་ཐོག་བཙོན་འཇུག་བྱས་བའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། ཞེས་བསྒྲགས་གཏམ་སྤེལ་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཟུར་པ་དང་ཉམས་ཞིབ་པ་ཚེ་རིང་མཚོ་མོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། བོད་དང་རྒྱ་ནག་ནང་རྒྱལ་སྤྱིའི་ནང་མནར་གཅོད་འགོག་ཐབས་ཀྱི་ཉིན་མོ་སྲུང་བརྩི་བྱེད་ཐུབ་ཀྱི་མེད་ན་ཡང་། ལྟེ་གནས་ཁང་གི་ངོས་ནས་བོད་ནང་གི་བོད་མིར་རྒྱ་ནག་གཞུང་གིས་མནར་གཅོད་གཏོང་བཞིན་པའི་གནས་སྟངས་ཉམས་ཞིབ་བྱས་བ་བརྒྱུད་མནར་གཅོད་འོག་བོད་མིའི་ཚེ་སྲོག་ཤོར་བ་དང་། དབང་བོ་སྐྱོན་ཅན་ཆགས་པ། སེམས་ཁམས་འཁྲུག་པ་སོགས་དོན་རྐྱེན་མང་པོ་བྱུང་བཞིན་པ་ཤེས་རྟོགས་བྱུང་བས། གནས་སྟངས་དེ་དག་རྒྱལ་སྤྱིའི་ནང་ཁྱབ་བསྒྲགས་དང་བོད་ནང་གི་མནར་གཅོད་འགོག་ཐབས་སུ་ལས་དོན་འདྲ་མིན་སྤེལ་བཞིན་པ་འགྲེལ་བརྗོད་གནང་བྱུང་།
ཁོང་ཚོའི་བསྒྲགས་གཏམ་ནང་ད་དུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་༡༩༩༧ལོའི་ཕྱི་ཟླ་༡༢པའི་ཚེས་༡༢ཉིན་ནི། རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཉིན་མོར་གཏན་འབེབས་བྱས་པའི་ལོ་གཅིག་གི་རྗེས་སུ་རྒྱ་ནག་གཞུང་གིས་གྲོས་མཐུན་ལ་ངོས་ལེན་མཚན་རྟགས་བཀོད་མཁན་ཡོད་པར་བརྟེན་རྒྱ་ནག་ལ་ཁྲིམས་ཐོག་ནས་འགན་འཁུར་ཡོད་པ་དང་། རྒྱལ་སྤྱིའི་གཞུང་དང་རང་དབང་ཅན་གྱི་ཚོགས་སྡེ་ཁག་ལ་རྒྱ་ནག་གཞུང་གིས་མི་མང་ལ་མནར་གཅོད་གང་བྱུང་གཏོང་རྒྱུ་མཚམས་འཇོག་ཡོང་བའི་གནོན་ཤུགས་སྤྲོད་དགོས་པའི་སྐུལ་མ་གནང་འདུག
ད་དུང་བོད་ནང་གི་མནར་གཅོད་གནས་སྟངས་ཐད། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་མཁན་དང་། ཐོབ་ཐང་གི་ཆེད་དུ་འཐབ་རྩོད་གནང་མཁན་དང་། རྒྱ་ནག་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ཐེར་འདོན་གནང་མཁན་གྱི་བོད་མི་ཧ་ཅང་མང་པོར་ཆབ་སྲིད་ཀྱི་ཉེས་མིང་འདྲ་མིན་བཏགས་ཏེ་རང་གིས་བསགས་མེད་པའི་ནག་ཉེས་ལ་བཙན་གྱིས་ཁས་ལེན་བྱེད་དུ་བཅུག་གི་ཡོད་པའི་བཙོན་པའི་བདེན་དཔང་ཚིག་ཐོ་མི་ཉུང་བ་ཞིག་ཕྱིར་བསྒྲགས་ཐུབ་པ་བྱུང་ཡོད་པ་དང་། ད་ལྟ་ཚེ་བཙོན་གྱི་བཙོན་འཇུག་ཁྲིམས་ཆད་ཁུར་བཞིན་པའི་བོད་ཀྱི་ཚོང་བ་རྡོ་རྗེ་བཀྲ་ཤིས་ཀྱི་གྱོད་དོན་ནི་དཔེ་མཚོན་གསལ་ཤོས་ཤིག་ཡིན། རྒྱ་གཞུང་གིས་ཁོང་ལ་ཐོག་མར་ཆབ་སྲིད་ཀྱི་ཉེས་མིང་བཏགས་པ་དང་། དབུས་སྤྱི་བདེ་ལས་ཁུངས་ཀྱི་ཆེད་གཏོང་མི་སྣས་ཁོང་ལ་རང་གིས་བསགས་མ་མྱོང་བའི་ནག་ཉེས་ཤིག་ལ་ངོས་ལེན་དགོས་ཞེས་གཉིད་བཅགས་པ་དང་། ཁེར་བཅུག་བྱེད་པ། གནམ་བཏགས་རྒྱབ་པ། གློག་དབྱུག་སོགས་ཀྱི་རྡུང་རྡེག་དྲག་པོ་བཏང་བ་སོགས་གདུག་རྩུབ་ཆེ་བའི་མནར་གཅོད་ཚད་མེད་བཏང་ཡོད་པའི་བདེན་དཔང་ཚིག་ཐོ་ཕྱིར་བསྒྲགས་བྱུང་ཡོད། མ་ཟད་དེའི་རིགས་ཀྱི་མནར་གཅོད་ནི་རྒྱའི་བཙོན་འོག་ཏུ་ལྷུང་བའི་བོད་ཀྱི་ཆབ་སྲིད་བཙོན་པ་མང་ཆེ་བས་མྱོང་གི་ཡོད་པ་ཐེར་འདོན་གནང་འདུག


གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org