ཅེག་རྒྱལ་ཁབ་ཀྱི་སྐུ་གཤེགས་སྲིད་ཟུར་ལ་རྒྱལ་ཡོངས་མྱ་ངན།

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ལྦཀ་ལེལྦ་ཧ་ལྦེལ་དམ་པ་དེ་ཉིད་ཀྱི་དགོངས་རྫོགས་རྒྱལ་ཡོངས་མྱ་ངན་འདུ་འཛོམས་གནང་རྒྱུ།

༄༅༎ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ལྦཀ་ལེལྦ་ཧ་ལྦེལ་(Vaclav Havel)དམ་པ་དེ་ཉིད་ཀྱི་དགོངས་རྫོགས་རྒྱལ་ཡོངས་མྱ་ངན་འདུ་འཛོམས་དེ་བཞིན་གཟའ་པ་སངས་ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕོ་རག་གི་རྒྱལ་ཁང་དུ་གནང་རྒྱུ་ཡིན་འདུག
དེ་རིང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཧ་ལྦེལ་དམ་པ་དེ་ཉིད་ཀྱི་སྐུ་ཕུང་ཁོང་གི་བཞུགས་ཁང་ནས་རྒྱལ་ཁབ་ནང་དེ་སྔོན་རྒྱལ་རྒྱུད་ཀྱི་ལུགས་སྲོལ་བཞིན་ཤིང་རྟ་འཁོར་ལོའི་ནང་དབོར་འདྲེན་བྱས་ཡོད་ཅིང་ སྐུ་ཕུང་སྐྱེལ་དྲེན་བྱེད་པའི་ལམ་བར་ མང་ཚོགས་ཁྲི་ཕྲག་གིས་ལུས་ལ་གྱོན་ཆས་ནག་པོ་གྱོན་ཏེ་ དམ་པ་དེ་ཉིད་ཀྱི་སྐུ་ཟླ་དང་ནང་མི་སྤུན་མཆེད་ཚོའི་རྗེས་སུ་འབྲངས་ནས་མྱ་ངན་མཚོན་ཐབས་བྱས་ཡོད་ཅིང་ ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་མང་ཚོས་སྐུ་ཞབས་ཧ་ལྦེལ་དམ་པ་དེ་ཉིད་ལ་མྱ་ངན་ཞུ་ཆེད་སྐུ་ཕུང་དེར་ཉིན་གསུམ་རིང་རྒྱལ་ཁང་དུ་འཇོག་རྒྱུ་ཡིན་ཞིང་ སྐུ་ཞབས་ཧ་ལྦེལ་དམ་པ་དེ་ཉིད་ལ་གཟའ་པ་སངས་ཉིན་རྒྱལ་ཡོངས་མྱ་ངན་འདུ་འཛོམས་ཚོགས་རྒྱུ་དེ་ནི་ ཅེག་སྤྱི་མཐུན་རྒྱལ་ཁབ་རང་བཙན་བྱུང་བའི་རྗེས་སྲིད་འཛིན་ལ་རྒྱལ་ཡོངས་མྱ་ངན་འདུ་འཛོམས་སྤེལ་ཡས་ད་རེས་ཐོག་མ་དེ་ཡིན་པ་རེད་ ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ལྦཀ་ལེལྦ་ཧ་ལྦེལ་དམ་པ་དེ་ཉིད་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཉེ་བའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཟུར་པ་ཞིག་ཡིན་པ་མ་ཟད་ རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལས་དོན་ཐོག་ཐུགས་འཁུར་ཆེ་བཞེས་གནང་མཁན་གྱི་དབུ་ཁྲིད་ཅིག་ཀྱང་ཡིན་ཞིང་ ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤར་ཕྱོགས་ས་ཁུལ་ཞིག་ནས་ ཆེད་མངགས་མྱ་ངན་ཞུ་བར་བཅར་བའི་ས་གནས་མི་སེར་ཇ་རོ་སི་ལལྦ་མི་ནོ་ཟེར་བ་ཞིག་གིས་སྐུ་ཞབས་ཧ་ལྦེལ་དམ་པ་དེ་ཉིད་ཀྱིས་དུས་ཡུན་རིང་པོའི་ནང་དངོས་ཡོད་དང་གཅིག་འབྲེལ་གྱི་བྱ་གཞག་ཆེད་ལེགས་སྐྱེས་འབུལ་གནང་མཁན་གྱི་དབུ་ཁྲིད་ཅིག་ཡིན་པ་བརྗོད་འདུག ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ལྦཀ་ལེལྦ་ཧ་ལྦེལ་དམ་པ་དེ་ཉིད་ཕྱི་ལོ་༡༩༣༦ལོར་ཇེ་ཁོ་སི་ལོ་བིག་ཁ་ཡ་ནང་འཁྲུངས་ཡོད་པ་དང་ ཁོང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་བསྐོ་བཞག་བྱུང་མ་ཐག་ ཕྱི་ལོ་༡༩༩༠ལོའི་ཕྱི་ཟླ་གཉིས་པའི་ནང་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་དུ་གདན་ཞུ་གནང་ཡོད་པ་དང་དེ་རྗེས་དབུ་ཁྲིད་རྣམ་གཉིས་དབར་མཇལ་ཕྲལ་ཐེངས་ཁ་ཤས་བྱུང་ཡོད་པ་རེད་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org