ལྕམ་ཨཛ་ར་ཛི་ཡ་མཆོག་བལ་ཡུལ་འཇོ་ལ་ཁེལ་དུ་གནས་ཞུགས་བོད་མི་ཚོ་དང་ཐུགས་འཕྲད་ཀྱིས་བལ་ཡུལ་ནང་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་ཁག་ལ་གྲོས་བསྡུར་བྱས་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་མང་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་དྲུང་ཆེ་གཞོན་པ་དང་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་གཅིག་ལྕོགས་ལྕམ་ཨཛ་ར་ཛི་ཡ་(Uzra Zeya) མཆོག་བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་བོད་མིའི་སྒྲིག་འཛུགས་དང་བོད་མིའི་གནས་སྟངས་རྣམས་རྒྱུས་ལོན་གནང་བའི་རྗེས། སྤྱི་ཟླ་༥ ཚེས་༢༠ ཉིན་བལ་ཡུལ་དུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཏེ་དེའི་ཁུལ་དུ་བོད་མིའི་གནས་སྟངས་དང་དཀའ་ངལ་ཁག་བལ་ཡུལ་གྱི་སྲིད་བློན་ལྷན་དུ་གོ་བསྡུར་གནང་རྒྱུ་ཡིན་འདུག་ཅིང་།
- 2022-05-21
-
-
-
Your browser doesn’t support HTML5 audio
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་མང་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་དྲུང་ཆེ་གཞོན་པ་དང་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་གཅིག་ལྕོགས་ལྕམ་ཨཛ་ར་ཛི་ཡ་(Uzra Zeya) མཆོག་བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་བོད་མིའི་སྒྲིག་འཛུགས་དང་བོད་མིའི་གནས་སྟངས་རྣམས་རྒྱུས་ལོན་གནང་བའི་རྗེས། སྤྱི་ཟླ་༥ ཚེས་༢༠ ཉིན་བལ་ཡུལ་དུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཏེ་དེའི་ཁུལ་དུ་བོད་མིའི་གནས་སྟངས་དང་དཀའ་ངལ་ཁག་བལ་ཡུལ་གྱི་སྲིད་བློན་ལྷན་དུ་གོ་བསྡུར་གནང་རྒྱུ་ཡིན་འདུག་ཅིང་། བལ་ཡུལ་གནས་སྡོད་མིང་འབོད་གནང་འདོད་མེད་པའི་བལ་པོ་གསར་འགོད་པ་ཞིག་གིས། གོང་ཞུས་ཉིན་གྱི་སྔ་དྲོ་ལྕམ་ཨཛ་ར་ཛི་ཡ་མཆོག་བལ་ཡུལ་འཇོ་ལ་ཁེལ་དུ་ཕེབས་ཏེ་འདིར་གནས་ཞུགས་བོད་མི་ཚོ་དང་ས་གནས་གཞིས་འགོ་བཅས་དང་ཐུགས་འཕྲད་ཀྱིས་བལ་ཡུལ་ནང་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་ཁག་ལ་གྲོས་བསྡུར་བྱས་ཡོད་པ་མ་ཟད། འདིའི་ཁུལ་གྱི་བོད་མི་ཚོར་བལ་ཡུལ་ནང་གནས་སྡོད་ཆོག་པའི་ལག་འཁྱེར་མེད་པའི་དཀའ་ངལ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཞེན་པོ་ཡོད་པ་སོགས་ཀྱི་གནས་སྟངས་སྐོར་བོད་མི་ཚོས་ཁོང་མོར་ཞུ་འབོད་བྱས་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ད་རེས་ཨཛ་ར་ཛི་ཡ་མཆོག་བལ་ཡུལ་འཇོ་ལ་ཁེལ་བོད་མིའི་གཞིས་ཆགས་སུ་ཕེབས་པའི་སྐབས་བལ་ཡུལ་ནང་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་Randy Berry ལགས་ཁོང་མོའི་ལྷན་དུ་ཆེད་ཕེབས་གནང་འདུག ཨ་རིའི་ཆེད་མཐོའི་འགོ་ཁྲོད་བོད་མི་ཚོ་དང་ཐུགས་འཕྲད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲོད་མུས་ཡིན་ནའང་། བལ་ཡུལ་གཞུང་ཕྱོགས་ནས་ཨཛ་ར་ཛི་ཡ་མཆོག་གིས་འཇོ་ལ་ཁེལ་ས་གནས་བོད་མི་དང་ཐུག་འཕྲད་ཀྱི་གནས་ཚུལ་རྣམས་ཤེས་རྟོགས་མེད་ཚུལ་གྱི་རྣམ་འགྱུར་བཏོན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་གནད་དོན་དེའི་ཐོག་བལ་ཡུལ་ནང་རྟེན་གཞི་བྱས་པའི་བལ་ཡུལ་གྱི་སྲིད་བྱུས་ཉམས་ཞིབ་ལྟེ་གནས་ཁང་གི་ཉམས་ཞིབ་པ Santosh Sharma ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། སྒྲ༽ ཨཛ་ར་ཛི་ཡ་མཆོག་བལ་ཡུལ་དུ་མ་ཕེབས་གོང་དུ་བལ་ཡུལ་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པHou Yanqi བལ་ཡུལ་གྱི་ནང་སྲིད་བློན་ཆེན་ལྷན་དུ་ཐུགས་འཕྲད་གནང་སྟེ་བལ་ཡུལ་གྱིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྩི་འཇོག་དགོས་པ་དྲན་སྐུལ་བྱས་ཡོད། དེར་རྟེན། ་ཨཛ་ར་ཛི་ཡ་མཆོག་བལ་ཡུལ་དུ་ཕེབས་པ་དེས་རྒྱ་ནག་གཞུང་ལ་སེམས་ཚབ་ཆེན་པོ་བྱུང་ཡོད་པ་གསལ་པོ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
ད་རེས་ལྕམ་ཨཛ་ར་ཛི་ཡ་མཆོག་གི་བལ་ཡུལ་ཁུལ་དུ་ཉིན་གསུམ་རིང་གི་རྒྱལ་དོན་འཚམས་གཟིགས་སྐབས། བལ་ཡུལ་གྱི་སྲིད་བློན་སྐུ་ཞབས་ Sher Bahadur Deuba ལགས་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སོགས་ཀྱི་སྐོར་ལ་ཡང་གོ་བསྡུར་གནང་གི་ཡོད་པ་རེད།
ལྕམ་ཨུཛ་ར་ཛི་ཡ་མཆོག་ད་རེས་བལ་ཡུལ་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་པ་དེ་ནི་འདས་པའི་ལོ་ངོ་བཅུའི་རྗེས་སུ་ཨ་མིའི་རི་ཀའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ཞིག་བལ་ཡུལ་ནང་ཕེབས་འབྱོར་བྱུང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་མ་ཟད། ༢༠༢༢ ལོ་འདི་ནི་ཨ་མི་རི་ཀ་དང་བལ་ཡུལ་གཉིས་བར་ཕྱི་འབྲེལ་གསར་འཛུགས་བྱས་ནས་ལོ་ངོ་༧༥ ཧྲིལ་པོ་འཁོར་བའི་ལོ་ཞིག་ཀྱང་ཡིན་པ་རེད།
ཡང་བལ་ཡུལ་ནང་གནས་ཞུགས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འགན་འཛིན་གཞོན་པ་བཟང་པོ་ལགས་ཀྱིས། སང་ཉིན་སྤྱི་ཚེས་༢༢ རེས་གཟའ་ཉི་མའི་ཉིན་གྱི་སྔ་དྲོ་ལྕམ་ཨཛ་ར་ཛི་ཡ་མཆོག་བལ་ཡུལ་རྣམ་རྒྱལ་འབྲིང་རིམ་སློབ་གྲྭར་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགོ་ཁྲིད་རྣམས་པ་ལྷན་དུ་ཐུག་འཕྲད་དང་། ཉིན་རྒྱབ་ཏུ་བལ་ཡུལ་དུ་རྟེན་གཞི་བྱས་པའི་དབུས་སྣེ་ལེན་ཁང་དུ་འཚམས་གཟིགས་སུ་ཕེབས་ཀྱི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཨ་མི་རི་ཀའི་སྲིད་འཛིན་འཇཱོ་སྦཡེ་ཌེན་མཆོག་གིས་ལྕམ་ཨུཛ་ར་ཛི་ཡ་མཆོག་སྤྱི་ལོ་༢༠༢༡ ལོའི་སྤྱི་ཟླ་༡༢ ནང་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་ཡོད་དེ་ནི་རྒྱ་གར་གྱི་རིགས་རྒྱུད་ཡིན་པའི་བུད་མེད་ཞིག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བ་ཨ་རིའི་ལོ་རྒྱུས་ནང་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད།
གཞན་ཡང་ཁ་སྔོན་སྤྱི་ཟླ་༢ པའི་ཟླ་མཇུག་ཏུ་ཨ་མི་རི་ཀས་བལ་ཡུལ་ལ་ཨ་སྒོར་ས་ཡ་༥༠༠ རོགས་སྐྱོར་གནང་སྟེ་བལ་ཡུལ་གྲོས་ཚོགས་ནས་ངོས་ལེན་གནང་ཡོད་པ་དེ་ནི་ཨ་མི་རི་ཀས་༢༠༠༤ ལོར་གསར་འཛུགས་བྱས་པའི་འབྱུར་འགྱུར་གྱི་དཀའ་ངལ་ཁག་ལ་གདོང་ལེན་ཆེད་མཉམ་ལས་ཀྱི་ཚོགས་པ་(MCC) ཡི་བརྒྱུད་ནས་བལ་ཡུལ་ལྷན་དུ་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་ཡིན་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འོད་ཟེར།