ཨ་རིའི་རོགས་དངུལ་གནས་སྐབས་མཚམས་འཇོག་བྱས་པར་བཙན་བྱོལ་བོད་མིའི་ཚོགས་སྒེར་ཁག་ནས་བློ་འཚབ་དང་རོགས་སྐྱོར་མུ་མཐུད་གནང་བའི་རེ་བ་གནང་གི་འདུག

ཨ་རིའི་རོགས་དངུལ་གནས་སྐབས་མཚམས་འཇོག་བྱས་པར་བཙན་བྱོལ་བོད་མིའི་ཚོགས་སྒེར་ཁག་ནས་བློ་འཚབ་དང་རོགས་སྐྱོར་མུ་མཐུད་གནང་བའི་རེ་བ་གནང་གི་འདུག

བོད་དང་ཨ་རིའི་རྒྱལ་དར། AP

ཨ་རིའི་སྲིད་གཞུང་གསར་པས་ཕྱིའི་ཡུལ་གྲུ་ཁག་ལ་རོགས་དངུལ་མཁོ་སྤྲོད་གནང་རྒྱུ་གནས་སྐབས་མཚམས་འཇོག་བྱས་པ་བརྟེན་བོད་མིའི་སྤྱི་ཚོགས་བདེ་དོན་དང་འབྲེལ་བའི་ལས་གཞི་ཁག་ཅིག་ལ་ཐད་ཀར་ཤུགས་རྐྱེན་ཐེབས་གཞིར་གྱུར་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འདི་ལོར་འཚོགས་འཆར་ཡོད་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དང་འབྲེལ་བའི་སྔོན་འགྲོའི་ཚོགས་འདུ་ཕྱིར་འགྱངས་བྱ་དགོས་བྱུང་ཡོད་པ་འབྲེལ་ཡོད་མིང་བརྗོད་འདོད་མེད་པ་ཞིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༢༧ ཉིན། ཨ་མི་རི་ཀའི་གཞུང་འཛིན་གསར་པས་ཕྱིའི་ཡུལ་གྲུ་ཁག་ལ་མཐུན་འགྱུར་རོགས་དངུལ་གནང་བཞིན་པ་ཁག་འབྱུང་འགྱུར་ཉིན་གྲངས་ ༩༠ འམ་ཟླ་གསུམ་རིང་རོགས་དངུལ་དེ་དག་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་དང་མཐུན་མིན་བསྐྱར་ཞིབ་ཆེད་གནས་སྐབས་མཚམས་འཇོག་བྱས་ཡོད་པ་བཞིན། བོད་མིའི་སྒྲིག་འཛུགས་གཙོས་བོད་དོན་འཐབ་རྩོད་དང་འབྲེལ་བའི་ཚོགས་སྒེར་ཁག་ལ་ཤུགས་རྐྱེན་ཐེབས་གཞིར་གྱུར་ཡོད་པ་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་དང་ཚོགས་སྒེར་ཁག་ཅིག་ལ་འབྲེལ་བ་ཞུས་ཏེ། གནས་སྟངས་དེའི་སྐོར་ལ་བཀའ་འདྲི་ཞུས་ཀྱང་གནས་ཚུལ་གསལ་བཤད་གནང་བདེ་མེད་སྐོར་འགྲེལ་བརྗོད་གནང་གི་འདུག མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་གཉིས་ནས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བར་གཞིགས་ན། ཐེངས་འདིར་ཨ་རིའི་རོགས་དངུལ་གནས་སྐབས་མཚམས་འཇོག་བྱས་པར་བརྟེན་འདི་ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས། ཉི་འོང་དུ་གོ་སྒྲིག་ཞུ་གཏན་འཁེལ་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དང་འབྲེལ་བའི་ཚོགས་འདུ་ཞིག་བསྐོང་འཆར་ཡོད་པ་དེ་གནས་སྐབས་ཕྱིར་འགྱངས་བྱ་དགོས་བྱུང་ལུགས་འགྲེལ་བརྗོད་གནང་བྱུང་ལ། ཡང་འབྲེལ་ཡོད་དེ་རང་ནས་རོགས་དངུལ་གནས་སྐབས་མཚམས་འཇོག་བྱས་པ་དེ་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༤ ནས་ ༢༠༢༥ ལོའི་སྔོན་རྩིས་གཏན་འབེབ་ལ་དོ་ཕོག་འགྲོ་མིན་ཐད། འཛིན་སྐྱོང་ལ་ཡིག་འབྲེལ་ཕུལ་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་། གཞན་ཡང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཨ་རིའི་རོགས་དངུལ་གནས་སྐབས་མཚམས་འཇོག་བྱས་པས། བོད་མི་མང་སྤྱི་འཐུས་རྣམ་པའི་ཕྱི་འབྲེལ་ཞུ་གཏུག་ལས་དོན་ལའང་ཤུགས་རྐྱེན་ཐེབས་སྲིད་སྐོར་འགྲེལ་བརྗོད་གནང་གི་འདུག

བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་སྤྱི་ཚོགས་བདེ་དོན་ཆེད་ཨ་རིའི་རོགས་ཚོགས་ནས་མཐུན་འགྱུར་རོགས་དངུལ་དགོས་མཁོ་ཆེན་པོ་ཡོད་པས། ཨ་རི་གཞུང་ནས་རོགས་དངུལ་མུ་མཐུད་གནང་གལ་ཆེ་སྐོར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྒེར་ཁག་ཅིག་ནས་འགྲེལ་བརྗོད་གནང་དོན་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས། ཨ་རིའི་རོགས་ཚོགས་བརྒྱུད་ཨ་རིའི་གཞུང་ནས་དཔལ་འབྱོར་གྱི་རོགས་སྐྱོར་ཞུ་མཁན་ཚོས་རོགས་དངུལ་གནས་སྐབས་མཚམས་འཇོག་ཐད་བློ་འཚབ་ཡོད་པ་གཅིག་གྱུར་ཡིན་པས། ཨ་རིའི་རོགས་དངུལ་བརྒྱུད་བོད་མིའི་སྒྲིག་འཛུགས་གཙོས་བོད་དོན་འཐབ་རྩོད་དང་། སྤྱི་ཚོགས་སྲ་བརྟན་སོགས་ལ་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པས། ཨ་རིའི་སྲིད་གཞུང་གསར་པས་མུ་མཐུད་རོགས་དངུལ་མཁོ་གཏོང་ཡོང་བའི་རེ་བ་ཡོད་ཅེས་བརྗོད་བྱུང་ལ། གཞན་ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ནས། བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ད་བར་བརྟན་གནས་ཐུབ་པར་ཨ་རིའི་རོགས་ཚོགས་ནས་རྒྱབ་སྐྱོར་གང་ཐུབ་གནང་ཡོད་སྟབས།  ཨ་རིའི་རོགས་ཚོགས་ཆད་པ་ཡིན་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་སྲིད་པས། མུ་མཐུད་རོགས་སྐྱོར་གནང་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད་ཅེས་བརྗོད་བྱུང་།

གནད་དོན་འདི་དང་འབྲེལ་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་སུ་འདི་ག་རླུང་འཕྲིན་ཁང་གིས་བཀའ་འདྲི་ཞུས་པའི་སྐབས་ཁོང་གིས། ཨ་རིའི་སྲིད་གཞུང་གསར་པས་རྒྱལ་སྤྱིའི་ནང་རོགས་དངུལ་ལས་གཞི་ཁག་གནས་སྐབས་རིང་མཚམས་འཇོག་གིས་རོགས་རམ་གནང་ཡུལ་ཁག་ལ་བསྐྱར་ཞིབ་གནང་རྒྱུའི་བཀོད་ཁྱབ་དེ། ཕྱི་འབྲེལ་རོགས་དངུལ་རག་ཡུལ་ཚང་མར་གཅིག་མཚུངས་ཁྱབ་ཡོད་དུས། བོད་མི་ཚོར་ད་བར་ཨ་རིའི་གྲོས་ཚོགས་ནས་རྒྱབ་སྐྱོར་དང་ཆོག་མཆན་ཐོབ་པ་བརྒྱུད་རོགས་དངུལ་རག་བཞིན་པ་ཡིན་དུས། ང་ཚོའི་ངོས་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་གཙོས་འབྲེལ་ཡོད་ཁག་ལ་འབྲེལ་བ་བྱས་ཏེ་བོད་མི་ཚོར་ཐོབ་བཞིན་པའི་རོགས་དངུལ་ཁག་གང་མགྱོགས་བསྐྱར་ཞིབ་དང་ཆོག་མཆན་རག་ཐབས་འབད་བརྩོན་ཞུ་དང་ཞུ་མུས་ཡིན་པ་གསུངས་བྱུང་ལ། བཞུགས་སྒར་དྷ་སར་གནས་བཞུགས་བོད་མི་བཀྲ་ཤིས་ལགས་ནས་རྩ་བའི་ཉིན་གྲངས་ ༩༠ རིང་རོགས་སྐྱོར་མཚམས་བཞག་པ་དེས། བོད་མིའི་སྒྲིག་འཛུགས་གཙོས་བོད་མི་ཚོགས་སྒེར་ཁག་ལ་ཤུགས་རྐྱེན་ཐེབས་སྲིད་ནའང་།  མ་འོངས་པར་ཐབས་ལམ་ཞིག་བརྒྱུད་ནས་ཨ་རིའི་ངོས་ནས་མུ་མཐུད་རོགས་སྐྱོར་གནང་བའི་རེ་བ་ཡོད་ཅེས་བརྗོད་བྱུང་། ཡང་གཞས་པ་ཁ་རག་སྤེན་པ་ལགས་ནས་ཨ་རིའི་རོགས་དངུལ་དེ་དག་ད་བར་ཕན་ཐོགས་བྱུང་ཡོད་པས། མ་འོངས་པར་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་ཆེད་ཨ་རིས་རོགས་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་ཡི་འདུག

ཨ་རིའི་རོགས་དངུལ་གནས་སྐབས་མཚམས་འཇོག་དང་འབྲེལ། རྒྱལ་སྤྱིའི་སྟེང་ཨ་རིའི་རོགས་དངུལ་ཐོབ་མཁན་གཙོས་མི་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་སྲིད་པའི་གནས་སྟངས་ཐད་གླེང་སློང་དང་བློ་འཚབ་བྱེད་མཁན་མང་དག་ཅིག་ཡོང་གི་ཡོད་ན་ཡང་། ཕྱི་ཚེས་ ༢༩ ཉིན་ (AP) གསར་ཁང་གིས་གནས་ཚུལ་ཞིག་སྤེལ་བའི་ནང་། ཨ་རིས་གཞུང་ངོས་ནས་རོགས་དངུལ་མཚམས་འཇོག་དང་འབྲེལ་འཛམ་གླིང་གི་ས་གནས་ཁག་ཏུ་ཟས་རིགས་དང་། སྨན་བཅོས། སྨན། སྡོད་གནས། ནད་གཞི་ལྕི་མོས་མནར་བ་སོགས་ལ་རོགས་སྐྱོར་མ་དངུལ་མུ་མཐུད་གཏོང་རྒྱུ་ཡིན་སྐོར་བཀོད་འདུག་ལ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འབྲེལ་ཡོད་ལ། ཨ་རིའི་ཕྱི་འབྲེལ་རོགས་དངུལ་གནས་སྐབས་དུས་འགྱངས་གནང་བ་དེའི་སྐོར་འདྲི་རྩད་སྐབས་ཡིག་ཐོག་བཀའ་ལན་གནང་བའི་ནང་། ཨ་རིས་ཕྱིའི་རྒྱལ་ཁབ་ཁག་ལ་རོགས་དངུལ་སྤྲོད་ཕྱོགས་ཐད་མི་དམངས་ཀྱི་ཁྲལ་དངུལ་བེད་སྤྱོད་གཏོང་ཕྱོགས་འགན་འཁྲིའི་ཐད་ཕྱི་སྲིད་ལྷན་ཁང་དང་། ཨ་རིའི་རོགས་ཚོགས་གཉིས་ཀྱིས་ཧ་ཅང་གིས་གཟབ་ནན་བྱེད་ཀྱི་ཡོད་པས། ང་ཚོས་ཨ་མི་རི་ཀའི་ཁེ་ཕན་དང་མཐུན་པ་ཡོད་མེད་གསལ་པོ་བཟོ་ཆེད་ཕྱི་འབྲེལ་རོགས་དངུལ་ཡོངས་རྫོགས་ལ་དཔྱད་ཞིབ་བྱེད་བཞིན་ཡོད་ལ། དཔྱད་ཞིབ་ཀྱི་དུས་ཡུན་རིང་དམིགས་བསལ་གུ་ཡངས་ཡོད་པའི་ལས་གཞི་ཁག་ཕུད། ཕྱི་འབྲེལ་རོགས་དངུལ་གྱི་མ་དངུལ་ཚང་མ་དུས་འགྱངས་བྱས་ཡོད་ཅེས་ལན་འདེབས་གསལ་བཤད་གནང་བྱུང་།

ཨ་རིའི་སྲིད་གཞུང་གསར་པས་རྒྱལ་སྤྱིའི་ནང་རོགས་དངུལ་ལས་གཞི་ཁག་གནས་སྐབས་རིང་མཚམས་འཇོག་གིས་རོགས་རམ་གནང་ཡུལ་ཁག་ལ་བསྐྱར་ཞིབ་གནང་རྒྱུའི་བཀོད་ཁྱབ་བཏང་གནང་ཡོད་པ་བཞིན། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ (Marco Rubio) མཆོག་གིས་སྲིད་འཛིན་གྱི་བཀོད་ཁྱབ་གཞིར་བཟུང་ཉིན་ཤས་གོང་ཕྱིའི་ཡུལ་གྲུ་ཁག་ནང་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཚང་མར་བཀོད་ཁྱབ་བཏང་གནང་ཡོད་པ་དེའི་ནང་། US Agency for International Development (USAID) བརྒྱུད་ནས་ཕྱིའི་ཡུལ་གྲུ་ཁག་ལ་མཐུན་འགྱུར་རོགས་དངུལ་གནང་རྒྱུ་དང་། དེ་བཞིན་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་ནས་ཐད་ཀར་རོགས་དངུལ་གནང་བའི་ལས་འཆར་ཆ་ཚང་གནས་སྐབས་ཟླ་བ་གསུམ་རིང་མཚམས་འཇོག་དགོས་ལུགས་ཀྱི་བཀོད་ཁྱབ་བཏང་གནང་ཡོད་པ་རེད། འཛམ་གླིང་ཁྱོན་ཡོངས་ནས་ཨ་རི་ནི་ཕྱིའི་རྒྱལ་ཁབ་ཁག་ལ་རོགས་དངུལ་མཁོ་སྤྲོད་གནང་མཁན་ཆེ་ཤོས་ཡིན་ཞིང་། ཕྱི་ལོ་ ༢༠༢༣ ལོར་ཨ་རིའི་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ལ་ཨ་སྒོར་ཐེར་འབུམ་ ༧༢ ཀྱི་རོགས་དངུལ་བཏང་ཡོད་འདུག་ལ། ཕྱི་ལོ་ ༢༠༢༤ ལོར་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཨ་རིའི་གཞུང་ངོས་ནས་རོགས་དངུལ་ས་ཡ་༢༠ རོགས་སྐྱོར་གནང་ཡོད་པ་རེད།

གསར་འགོད་པ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བཀྲ་ཤིས་དབང་ཕྱུག བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org