ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་བཏོན་འདུག
ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བཏོན་ནས་བོད་ཀྱི་བདག་དབང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་བོད་མི་རང་ལ་ཡོད་པ་བསྟན་འདུག
- 2022-07-13
-
-
-
འདི་ཚེས་༡༣ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བཏོན་ཡོད་པ་དང་། དེ་ནི་རྒྱུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)་ལགས་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཞོན་གྲོས་ཚོགས་འཐུས་མི་(Michael McCaul)་ལགས་གཉིས་ཀྱིས་གྲོས་ཚོགས་ནང་། བོད་རྒྱའི་དཀའ་རྙོག་ད་དུང་ཡང་སེལ་མེད་པ་དང་། རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་ཀྱང་བོད་ཀྱི་ཁྲིམས་མཐུན་གྱི་གནས་བབས་ད་དུང་ཐག་གཅོད་གནང་མེད་པར་ངོས་འཛིན་གྱི་ཐོག་ནས། བོད་ཀྱི་བདག་དབང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དེ་རྒྱལ་སྤྱིའི་ཁྲིམས་ཀྱི་འོག་བོད་མི་རང་ལ་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་བདག་དབང་ཐོབ་ཐང་འཕྲོག་བཞིན་པ་གསལ་བོར་བསྟན་ནས། བོད་རྒྱའི་དཀའ་རྙོག་སེལ་བར་བོད་མི་མང་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པས་ཞི་བའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་ཨ་མི་རི་ཀས་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུ་བཅས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བཏོན་ཡོད་པ་རེད།
དེའི་ཐད་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་དགའ་བསུ་དང་བཅས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཨ་རིའི་ཕྱོགས་ནས་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་ཡོད་པ་བཞིན་ད་ཐེངས་ཀྱི་ཁྲིམས་འཆར་དེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཆེད་ཨ་རིའི་གཞུང་གི་ངོས་ནས་གོམ་པ་མདུན་སྤོས་དང་ནུས་པ་ཤུགས་ཆེ་རུ་གཏོང་བའི་ཁྲིམས་འཆར་ཞིག་ཡིན་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ནས་བོད་ཀྱི་བདག་དབང་རྒྱ་ནག་ལ་ཡོད་པ་བསྐྲུན་ཐབས་བྱེད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་བོད་ཀྱི་བདག་དབང་རྒྱ་ནག་ལ་མེད་པ་གསལ་སྟོན་དང་། ལོ་རྒྱུས་ཀྱི་ཐོག་ནས་བོད་རྒྱ་ནག་གི་ཆ་ཤས་མིན་པ་གསལ་བོ་ར་སྤྲད་ནས་རྒྱ་ནག་ལ་བརྡ་ལན་སྤྲད་ཡོད་པ་རེད། དེ་བཞིན་ཁྲིམས་འཆར་དེ་བརྒྱུད་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་། རྒྱ་ནག་གིས་བོད་ཀྱི་བདག་དབང་བསྐྲུན་ཐབས་དང་། ༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ཐད་ལོག་བཤད་དང་ཐེ་ཇུས་བྱེད་བཞིན་བཅས་ལ་གདོང་ལེན་བྱེད་ཤུགས་ཆེ་རུ་འགྲོ་ངེས་ཡིན་པས། ཁྲིམས་འཆར་དེ་གང་མགྱོགས་ཁྲིམས་ལ་གཏན་འབེབས་ཡོང་བའི་རེ་བ་བྱེད་བཞིན་པ་གསུངས་བྱུང་།
དེ་བཞིན་ཨ་རིའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཀྱང་ཁྲིམས་འཆར་དེར་དགའ་བསུ་གནང་མཉམ། བར་བརྒལ་ཚོགས་གཙོ་བུ་ཆུང་ཚེ་རིང་ལགས་ཀྱིས། ཁྲིམས་འཆར་དེས་ཨ་རིའི་གཞུང་ལ་བོད་རྒྱའི་དཀའ་རྙོག་ཐད་གལ་གནད་ཆེ་བའི་གནད་དོན་ཁག་ཅིག་གསལ་སྟོན་བྱས་འདུག ཁྲིམས་འཆར་དེ་བརྒྱུད་ཨ་རིས་རྒྱ་ནག་གཞུང་ལ་བོད་ཀྱི་དཀའ་རྙོག་ད་དུང་སེལ་མེད་པ་དང་། བོད་རྒྱའི་དཀའ་རྙོག་སེལ་དགོས་བའི་སྐུལ་མ་བྱེད་དགོས་བ་དང་། དེ་ལ་ཐབས་ལམ་གཅིག་ཡོད་པ་ནི་༧གོང་ས་མཆོག་དང་ཡང་ན་མི་མང་གིས་བདམས་པའི་དབུ་ཁྲིད་མཉམ་གྲོས་མོལ་བྱེད་དགོས་བ་བརྗོད་འདུག
བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་འོག་མའི་ནང་གཏན་འབེབས་བྱུང་བ་ཡིན་ན། གྲོས་ཚོགས་གོང་མའི་ནང་རྒྱབ་སྐྱོར་ཐོབ་དགོས་བ་དང་། དེར་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་སྐྱོན་རྗེས་ད་གཟོད་དངོས་སུ་ཁྲིམས་ཆགས་ཀྱི་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཉེ་ལམ་ཕྱི་ཟླ་བཞི་པ་དང་དྲུག་པའོ་ནང་སོ་སོར་ཨ་རིའི་རྒྱལ་སར་ཆེད་ཕེབས་གནང་སྐབས། ཨ་རིའི་གནད་དོན་དཔོན་རིགས་དང་མཇལ་ནས་བོད་ཀྱི་བདེན་པའི་འཐབ་རྩོད་རྒྱབ་སྐྱོར་དང་། བོད་ཀྱི་གནད་དོན་སེལ་ཐབས་སུ་རྒྱ་ནག་གཞུང་དང་གྲོས་མོལ་སླར་གསོ་ཡོང་བར་ཨ་རིས་རྒྱབ་སྐྱོར་མུ་མཐུད་ནས་གནང་སྐྱོང་ཡོང་བའི་ནན་སྐུལ་གནང་ཡོད་པ་རེད།
གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།