ཨ་མི་རི་ཀས་ཧྥེ་ལེ་པིན་ནང་དྲག་པོའི་རྟེན་གཞི་འཛུགས་རྒྱུ།

ཨ་མི་རི་ཀའི་དྲག་པོའི་དམག་དཔུང་ཧྥེ་ལེ་པིན་ནང་རྟེན་གཞི་བྱེད་ཆོག་པ་ཁྲིམས་ཐོག་ནས་མོས་མཐུན་ཆོག་མཆན་སྤྲད་ཡོད་པ་རེད།

ཨ་རིའི་འབར་མདེལ་གཡུག་མཁན་གནམ་གྲུ་གཉིས་རྒྱ་ནག་གིས་བདག་བཟུང་བྱས་བའི་མིས་བཟོས་མཚོ་གླིང་གི་དབྱིངས་ལ་འཕུར་བསྐྱོད་བྱས་སྐབས། ༢༠༡༥།༡༡།༩ AFP

ཨ་མི་རི་ཀའི་དྲག་པོའི་དམག་དཔུང་ཧྥེ་ལེ་པིན་ནང་རྟེན་གཞི་བྱེད་ཆོག་པ་ཁྲིམས་ཐོག་ནས་མོས་མཐུན་ཆོག་མཆན་སྤྲད་ཡོད་པ་རེད།
དེ་ཡང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་པར་གཞིགས་ན། འདི་ཚེས་༡༢གཟའ་མིག་དམར་ཉིན། ཧྥེ་ལེ་པིན་གྱི་ཆེ་མཐོའི་ཁྲིམས་ཁང་གིས་ཐག་གཅོད་བྱས་པའི་ནང་། ཨ་རིའི་དམག་མི་དང་གོ་མཚོན་གྱི་དྲག་པོའི་རྟེན་གཞི་ཧྥེ་ལེ་པིན་གྱི་གལ་གནད་ཆེ་བའི་ས་ཆ་ཞིག་ལ་རྟེན་གཞི་བྱེད་ཆོག་པའི་མོས་མཐུན་ཆོག་མཆན་སྤྲད་ཡོད་པ་དང་། དེ་ནི་ལོ་བཅུ་ཕྲག་གཉིས་ཙམ་གོང་མི་སེར་སྤེལ་བའི་རིང་ལུགས་ལ་ཧྥེ་ལེ་པིན་གྱིས་ངོ་རྒོལ་གྱིས་ཨ་རིའི་དམག་དོན་ཕྱིར་ཕུད་བྱེད་པའི་རྗེས་ད་རེས་ཨ་རིའི་དམག་དོན་རྟེན་གཞི་སླར་ཡང་ཧྥེ་ལེ་པིན་ནང་ཚུར་ཡོང་བཅུག་པ་ཞིག་ཡིན་པ་མ་ཟད། དེ་ནི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་གི་སྟོབས་ཤུགས་རྒྱས་བཞིན་པའི་གནས་སྟངས་དེར་ཨ་མི་རི་ཀས་འགོག་རྒོལ་ལ་རྒྱལ་ཁ་ཐོབ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
ཧྥེ་ལེ་པིན་ནང་གི་ཨ་རིའི་དམག་དོན་རྟེན་གཞི་ས་ཚུགས་དེ་དང་རྒྱ་ནག་གི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་བར་སྤྱི་ལེ་༥༠༠ཙམ་ལས་མེད་པས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་གྲོས་མཐུན་དེའི་ཐོག་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད།
ཧྥེ་ལེ་པིན་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་ཐག་གཅོད་གསར་པ་དེས་ཡུལ་གཉིས་ཀྱི་འགྲོ་བ་མའི་བདེ་དོན་དང་། དམག་དོན་རྒྱ་བསྐྱེད་གྱི་ནུས་པ་གོང་འཕེལ་ཐོག་ཕན་རླབས་ཡོད་པ་བརྗོད་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org