ཨ་རིས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ལ་རྒྱབ་སྐྱོར།

ཨ་མི་རི་ཀའི་བོད་དོན་དམིཊ་བསལ་འབྲེལ་མཐུད་པ་ཟླ་རྗེས་མར་རྒྱ་གར་དང་བལ་ཡུལ་ནང་ཕེབས་ནས་བོད་མི་ཚོ་དང་ཐུག་རྒྱུ་ཡིན་འདུག

བོད་དོན་དམིགས་བསལ་འབྲེལ་མཐུད་པ་ པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཀླུ་འབུམ།

ཨ་མི་རི་ཀའི་བོད་དོན་དམིཊ་བསལ་འབྲེལ་མཐུད་པ་ཟླ་རྗེས་མར་རྒྱ་གར་དང་བལ་ཡུལ་ནང་ཕེབས་ནས་བོད་མི་ཚོ་དང་ཐུག་རྒྱུ་ཡིན་འདུག
དེ་ཡང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་འཐུད་པ་ལྕམ་Sarah Sewallམཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་ཆུང་གལ་ཆེ་ཞིག་གི་ནང་། ཨ་རིའི་གཞུང་གིས་བོད་ནང་གི་བོད་མི་ཚོའི་ཆོས་དད་རང་དབང་སྲུང་སྐྱོབ་ཆེད་འབད་བརྩོན་ཇི་འདྲ་གནང་མུས་ཡིན་པའི་སྐོར་སྙན་སེང་ཞུས་དོན་ལྟར་ན། བོད་མི་ཚོའི་ཆོས་དད་རང་དབང་སྲུང་སྐྱོབ་ཆེད་ང་ཚོས་མུ་མཐུད་རྒྱབ་སྐྱོར་ཧ་ཅང་ཤུགས་ཆེ་བྱེད་བཞིན་པ་དེ་འདྲ་ད་བར་བྱུང་མྱོང་མེད། ཕྲན་རང་ཉིད་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་འཐུད་པ་ཡིན་སྟབས་བོད་མིའི་ཆོས་དད་རང་དབང་ཐོག་རྒྱ་གཞུང་གིས་ཐེ་བྱུས་བྱེད་རྒྱུ་མཚམས་འཇོག་ཡོང་སླད་ཨ་རིའི་གཞུང་གིས་འབད་བརྩོན་གནང་བཞིན་པ་དེར་མཐུན་འགྱུར་རམ་འདེགས་ཞུ་རྒྱུ་ཁོ་མོའི་འོས་འགན་ཞིག་ཡིན། དེར་བརྟེན་གུས་མོས་བོད་མིའི་ཆོས་ཕྱོགས་དང་འབྲེལ་བའི་ཐོུང་མ་ཡིན་པའི་རིག་གཞུང་དེ་དག་སྲུང་སྐྱོབ་བྱ་རྒྱུའི་སྲིད་བྱུས་ལག་བསྟར་ཡོང་རྒྱུར་རྒྱབ་སྐྱོར་ཞུ་བཞིན་ཡོད། འདི་ལོའི་ཕྱི་ཟླ་༢པའི་ནང་གུས་མོས་ལས་ཁུངས་ནང་ལས་ཀ་ཉིན་གཉིས་པའི་སྐབས་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་མཇལ་བ་མ་ཟད། ཕྱི་ཟླ་༡༠པའི་ནང་ང་རང་རྒྱ་གར་དང་བལ་ཡུལ་ནང་བསྐྱོད་ནས་བོད་མི་རྣམས་དང་ཐུག་འཕྲད་བྱ་འཆར་ཡོད། སྲིད་འཛིན་ཨོ་བྷ་མ་མཆོག་དང་ཕྱི་འབྲེལ་དྲུང་ཆེ་ཇོན་ཀེ་རི་མཆོག་རྣམ་གཉིས་ནས་རྒྱ་ནག་གཞུང་ལ་ཤར་ཏུ་ཀི་སི་ཐན་དང་བོད་མི་གནས་སྡོད་ས་ཁུལ་ཁག་ཏུ་ཆོས་དད་རང་དབང་ཐོག་དམ་བསྒྲགས་བྱེད་བཞིན་པ་དེ་དག་གུ་ཡང་རུ་གཏོང་དགོས་པའི་རེ་འདུན་ཡང་ཡང་བཏོན་གནང་ཟིན་པར་བརྟེན། སྔ་ལོ་ཨ་རི་དང་། རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གྲོས་མོལ་གནང་སྐབས་གནད་དོན་དེ་དག་ཐོག་ང་ཚོར་སེམས་འཚབ་ཡོད་པ་གསལ་སྟོན་བྱས་པ་མ་ཟད། ང་ཚོས་མུ་མཐུད་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བའི་སྙན་ཐོ་ཨ་རིའི་གྲོས་ཚོགས་ནང་འདོན་རྒྱུ་ཡིན་ཞེས་སོགས་གསུངས་འདུག

གསར་འགོད་པ་དབྱངས་སྒྲོལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org