ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་སོགས་ནས་༧པཎ་ཆེན་རིན་པོ་ཆེ་གར་ཡོད་གསལ་བཤད་དགོས་པའི་འབོད་སྐུལ་གནང་འདུག
ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་། རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་སོགས་ཨ་མི་རི་ཀའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་སྡེ་ཁག་ཅིག་གིས་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་གར་ཡོད་གསལ་བཤད་ཀྱིས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་རྒྱ་གཞུང་ལ་འབོད་སྐུལ་གནང་འདུག
- 2024-05-18
-
-
-
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་མོ་འདི་ནི་བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གུང་བྲན་སྲིད་གཞུང་གིས་བཙན་འཁྲིད་བྱས་ནས་ལོ་ངོ་༢༩ འཁོར་གྱི་ཡོད་པའི་དུས་ཚིགས་ཤིག་འཁེལ་བར། དེ་ནི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཁྲིམས་ལུགས་དང་འགལ་གྱི་ཡོད་རེད་ལ། བོད་མིའི་སེམས་ཚོར་ལའང་དོ་ཕོག་གཏོང་གཞི་ཞིག་ཡིན་པ་དང་། ཞི་ཅིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་ཞིག་ཡིན་སྟབས་༧པཎ་ཆེན་རིན་པོ་ཆེ་མཆོག་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་རེད་ཅེས་ X དྲ་རྒྱའི་ཐོག་དགོངས་ཚུལ་སྤེལ་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་དང་ཨ་རིའི་ཊོམ་ལེན་ཊོསི་ (Tom Lantos) འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གཉིས་ནས་ཀྱང་། ༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་དགུང་གྲངས་དྲུག་ལ་ཕེབས་པའི་སྐབས་རྒྱ་ནག་གཞུང་གིས་ཁོང་དང་༧སྐུ་འཁོར་ནང་མི་རྣམས་བཙན་ཁྲིད་བྱས་ནས་ད་ལྟའི་ཆར་གར་ཡོད་དང་གནས་སྟངས་ག་འདྲ་ཞིག་གི་འོག་བཞུགས་ཡོད་མེད་སོགས་སུས་ཀྱང་ཤེས་རྟོག་མེད་པ་རེད་ཅེས་དང་། དེ་ནི་རྒྱལ་སྤྱིའི་ལུགས་དང་མི་མཐུན་པ་ཞིག་རེད། དེ་འདྲ་སོང་ཙང་ཁོང་དང་༧སྐུ་འཁོར་རྣམས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་བཀྲོལ་གཏོང་དགོས་ཅེས་བཀོད་འདུག།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།