ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལྡི་ལི་སྐུ་ཚབ་དོན་གཅོད་རྣམ་གཉིས་རྒྱལ་ས་ལྡི་ལིར་མཇལ་འཕྲད་གནང་བ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཞིག་རྒྱ་གར་ལ་ཕེབས་ཏེ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་ལྷན་དུ་ཐད་ཀར་མཇལ་འཕྲད་གནང་བ་དེ་ནི་ལོ་རྒྱུས་རང་བཞིན་ཞིག་ཡིན་པ་བརྗོད་གི་འདུག

འདི་ཚེས་༢༨ ཉིན་གྱི་སྔ་དྲོ་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས་རྣམ་གཉིས་རྒྱལ་ས་ལྡི་ལིར་མཇལ་འཕྲད་གནང་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་Antony Blinkenལགས་རྒྱ་གར་ལ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་པའི་དུས་སྐབས་དང་བསྟུན། འདི་ཚེས་༢༨ ཉིན་གྱི་སྔ་དྲོ་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས་རྣམ་གཉིས་རྒྱལ་ས་ལྡི་ལིར་མཇལ་འཕྲད་གནང་འདུག་ཀྱང་། ཁོང་གཉིས་བར་གནད་དོན་གང་གི་ཐོག་ལ་གྲོས་མོལ་གནང་ཡོད་པའི་སྐོར་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་བ་དང་། ཡང་འདི་ཚེས་༢༨ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱ་གར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་རྣམ་གཉིས་ཀྱིས། ལྡི་ལིར་ཆགས་པའི་ལྡི་ལི་བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཚུད་པའི་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་དང་ལྷན་དུ་མཇལ་འཕྲད་ཀྱིས་གནད་དོན་ཁག་ཅིག་གི་ཐོག་གྲོས་མོལ་གནང་འདུག་ཅིང་། དེའི་ཐོག་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབསAntony Blinken ལགས་ཀྱིས། དེ་རིང་ངོས་ཀྱིས་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་འགོ་ཁྲིད་ཁག་ཅིག་མཇལ་འཕྲད་བྱུང་བར་དགའ་ཚོར་བྱུང་། ཨ་མི་རི་ཀ་དང་རྒྱ་གར་ངོས་ནས་མང་གཙོའི་རིན་ཐང་ལ་དམིགས་བསལ་གྱིས་ཐུགས་འཁུར་བཞེས་ཡོད་པ་འདི་ནི་རྒྱལ་ཁབ་གཉིས་ཀྱི་མཐུན་ལམ་གྱི་རྨང་གཞི་གཙོ་བོ་དེ་ཡིན་ལ། དེས་རྒྱ་གར་གྱི་ལོ་རྒྱུས་རང་བཞིན་གྱི་ཞི་བདེའི་སྤྱི་ཚོགས་དང་ཐུན་མོང་མ་ཡིན་པའི་རིག་གཞུང་སྣེ་མང་དེ་དག་ཀྱང་མཚོན་ཐུབ། དེར་བརྟེན། ཞི་བདེའི་རང་བཞིན་གྱི་སྤྱི་ཚོགས་ཀྱིས་མང་གཙོ་གོང་འཕེལ་ཡོང་བར་ཕན་ཐོགས་ཆེ་ཞེས་Twitter དྲ་ལམ་ཐོག་བརྗོད་འདུག

འདི་ག་རླུང་འཕྲིན་ཁང་ལ་ལྡི་ལི་བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་གསུངས་ན། ཁོང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་དང་མཇལ་འཕྲད་སྐབས། རྒྱ་གར་དང་ཨ་རི་གཉིས་མཉམ་འབྲེལ་གྱི་ཐོག་ནས་བོད་ཀྱི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར།འཛམ་གླིང་སྤྱིའི་བདེ་རྩར་ཕན་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེ་བཞིན་ཤེས་ཡོན་ལྟེ་གནས་ཁག་ནང་ལག་བསྟར་ཡོང་བར་ཨ་རིའི་ཕྱི་སྲིད་དྲུང་ཆེར་རེ་སྐུལ་ཞུས་ཡོད་པ་འགྲེལ་བརྗོད་གནང་སོང་།

ད་རེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་གར་ལ་འཚམས་གཟིགས་སུ་ཕེབས་དགོས་པའི་དམིགས་ཡུལ་གཙོ་བོ་ཁག་ནི་རྒྱལ་ཁབ་གཉིས་བར་ཀོཝི་ཌི༡༩ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་མཁོ་སྤྲོད་བྱེད་ཕྱོགས་དང་། ཨ་ཧྥེ་གྷ་ནེ་སི་ཐན(Afghanistan)གྱི་བདེ་འཇགས་ཀྱི་གནས་སྟངས་སོགས་ཀྱི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་འདུག་ཅིང་།ད་ཐེངས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལྡི་ལི་སྐུ་ཚབ་དོན་གཅོད་ལྷན་དུ་མཇལ་མོལ་གནང་བ་དེས།རྒྱ་ནག་གཞུང་ལ་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་འདུག་པ་མ་ཟད། རིང་མིན་རྒྱ་ནག་གཞུང་ཕྱོགས་ནས་དེར་ལན་འདེབས་བྱེད་ཀྱི་ཡོད་པ་ཚོད་དཔག་གནང་གི་ཡོད་པ་རེད།

ཡང་གནས་ཚུལ་དེའི་ཐད་ཨེ་ཤེ་ཡ་དང་ཧི་མ་ཡའི་ཉམས་ཞིབ་ལྟེ་གནས་ཁང་གི་འགན་འཛིན་སྐུ་ཞབས་Vijay Kranti ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་ཁང་ལ་གསུངས་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཞིག་རྒྱ་གར་ལ་ཕེབས་ཏེ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་ལྷན་དུ་ཐད་ཀར་མཇལ་འཕྲད་གནང་བ་དེ་ནི་ལོ་རྒྱུས་རང་བཞིན་ཞིག་ཡིན་པ་མ་ཟད། ད་རེས་མཇལ་འཕྲད་དེས་བོད་མིའི་རང་དབང་འཐབ་རྩོད་ཀྱི་ཐོག་འགྱུར་བ་ཤུགས་ཆེར་འགྲོ་བཞིན་ཡོད་པ་གསལ་སྟོན་བྱས་ཡོད་ཅེས་འགྲེལ་བརྗོད་གནང་སོང་། ཡང་བཞུགས་སྒར་དུ་ཆགས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱལ་སྤྱིའི་གནད་དོན་ཉམས་ཞིབ་པ་བསྟན་འཛིན་ལྷ་སྒྲོན་ལགས་ཀྱིས། ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་གར་ལ་ཕེབས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལྡི་ལི་སྐུ་ཚབ་དོན་གཅོད་དང་མཇལ་འཕྲད་གནང་བ་དེ་ནི་བོད་མི་ཚོར་མཚོན་ན་གོ་སྐབས་བཟང་པོ་ཞིག་ཡིན་པ་མ་ཟད། དེ་སྔོན་ཨ་རིའི་Biden སྲིད་གཞུང་ངོས་ནས་བོད་དོན་ཐོག་དོ་ཁུར་གནང་རྒྱུ་ཡིན་པ་ཁ་ནས་བཤད་པ་བཞིན་ད་ལྟ་དངོས་སུ་ལག་བསྟར་བྱེད་ཀྱི་ཡོད་པ་མཚོན་ཐུབ་ཅེས་འགྲེལ་བརྗོད་གནང་སོང་།

གཞན་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་Antony Blinkenལགས་རྒྱ་གར་དུ་ཉིན་གཉིས་རིང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་པའི་དུས་ཡུན་དེར། རྒྱ་གར་གྱི་སྲིད་བློན་ནཱརེནྟིརཱ་མུ་དྷི་མཆོག་དང་། ཕྱི་སྲིད་བློན་ཆེན་སྐུ་ཞབས་JaiShankarལགས་དེ་བཞིན་རྒྱ་གར་རྒྱལ་སྲུང་སློབ་སྟོན་པ་སྐུ་ཞབས་Ajit Doval ལགས་སོགས་རྒྱ་གར་གྱི་ཆེས་མཐོའི་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་ཀྱང་གནང་ཡོད་པ་རེད།

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org