རྒྱ་ནག་གིས་བོད་དང་ཤིན་ཅང་ཐོག་དམ་དྲག་ཆེ་རུ་བཏང་འདུག

རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་སོགས་ཀྱི་ཐོག་དམ་དྲག་ཆེ་རུ་བཏང་ཡོད་པ་ཨ་རིའི་རྟོག་ཞིབ་ཚོགས་ཆུང་ཞིག་གིས་སྙན་ཐོ་བཏོན་འདུག

རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་ཕྱོགས་ཀྱི་བྱེད་སྒོའི་སྐབས་དམག་མི་མང་པོ་འགྲེམས་འཇོག་བྱས་ཡོད་པའི་རྣམ་པ། པར། བོད་འབྱོར།

རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་སོགས་ཀྱི་ཐོག་དམ་དྲག་ཆེ་རུ་བཏང་ཡོད་པ་ཨ་རིའི་རྟོག་ཞིབ་ཚོགས་ཆུང་ཞིག་གིས་སྙན་ཐོ་བཏོན་འདུག
དེ་ཡང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཐོག་རྟོག་ཞིབ་ཚོགས་ཆུང་གི་ལོ་འཁོར་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་ཐོག་མུ་མཐུད་ནས་དྲག་གནོན་བྱེད་བཞིན་ཡིན་པ་དང་། རྒྱ་ནག་གཞུང་གི་དྲག་གནོན་སྲིད་ཇུས་ལ་མ་བཟོད་པར་ཕྱི་ལོ་༢༠༡༡ལོ་ནས་བཟུང་ད་བར་བོད་མི་༡༢༧ཙམ་ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། དེའི་ནང་ནས་བོད་མི་༦༡ནི་དགེ་འདུན་པ་དང་བཙུན་མ་ཡིན་པ་དང་། སྔ་ལོ་གཅིག་པུའི་ནང་དགེ་འདུན་པ་དགུ་ཐེ་བའི་བོད་མི་བཅོ་བརྒྱད་ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད་ཅེས་བཀོད་འདུག ཡང་སྙན་ཐོ་དེའི་ནང་རྒྱ་གཞུང་གིས་རང་ལུས་མེར་བསྲེགས་བཏང་མཁན་དགེ་འདུན་པ་ཚོའི་དགོན་པའི་མཁན་པོ་རྣམས་འཛིན་བཟུང་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་༢༠༡༣ལོར་རྔ་པ་རང་སྐྱོང་ས་གནས་གཞུང་གིས་རང་ལུས་མེར་བསྲེགས་བཏང་མཁན་ཚོའི་ནང་མི་རྣམས་ལ་ནག་ཉེས་བཙུགས་ཏེ་ཉེས་ཆད་གཏོང་རྒྱུའི་ཁྲིམས་གཞི་གསར་པ་བཟོས་ཡོད་ལུགས་བཀོད་པ་མ་ཟད། ད་དུང་ཕྱི་ལོ་༢༠༠༨དང་༢༠༠༩ལོར་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་ཁ་ཆེའི་མི་རིགས་ཀྱི་ཆོས་ཀྱི་དབུ་ཁྲིད་ཚོར་མཚན་སྨོད་ཞུ་རྒྱུ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང། ད་ལྟའི་ཆར་བོད་དང་ཤིན་ཅང་ནང་ཆོས་དད་རང་དབང་དང་འབྲེལ་བའི་ཐོག་འཛིན་བཟུང་བྱས་ནས་བཙོན་བཅུག་བྱས་པའི་བཙོན་པ་བརྒྱ་ཕྲག་མང་པོ་ཡོད་ལུགས་བཀོད་འདུག
ཨ་རིའི་གཞུང་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་ཐོག་རྟོག་ཞིབ་ཚོགས་ཆུང་དེ་ཕྱི་ལོ་༡༩༩༨ལོར་གསར་བཙུགས་གནང་ཡོད་པ་དང་། ཐེངས་འདིའི་སྙན་ཐོ་དེ་ནི་འདོན་ཐེངས་༡༥པ་དེ་ཡིན་པ་དང་། སྙན་ཐོ་དེའི་ནང་རྒྱལ་ཁབ་༣༣ཡིས་ཆོས་དད་རང་ཐོག་བརྩི་མེད་བརྡལ་བཤིག་གཏོང་གི་ཡོད་པའི་སྐྱོན་བརྗོད་གནང་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org