ཨ་མི་རི་ཀས་བྱང་ཀོ་རི་ཡར་ཡ་ལན་སློག་རྒྱུ་ཡིན་པ་གསུངས་འདུག

བྱང་ཀོ་རི་ཡས་ཡང་བསྐྱར་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་ཚེ་དེར་ཡ་ལན་ཤུགས་ཆེན་པོ་སློག་རྒྱུ་ཡིན་སྐོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པས་གསུང་བ།

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་གཞོན་པ་Antony Blinken་མཆོག་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་གྱིས་སྣེ་ལེན་སྐབས། ༢༠༡༥།༢།༡༣ AFP

བྱང་ཀོ་རི་ཡས་ཡང་བསྐྱར་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་ཚེ་དེར་ཡ་ལན་ཤུགས་ཆེན་པོ་སློག་རྒྱུ་ཡིན་སྐོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པས་གསུང་བ།
གལ་ཏེ་བྱང་ཀོ་རི་ཡས་ཡང་བསྐྱར་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་པའི་དོན་རྐྱེན་བྱུང་ཚེ་དེར་ཡ་ལན་ཤུགས་ཆེན་པོ་ཞིག་སློག་རྒྱུ་ཡིན་སྐོར་དེ་རིང་ཨ་མེ་རི་ཀའི་ཕྱི་སྲིད་དྲུང་ཆེ་གཞོན་པ་Antony Blinken་ཡིས་ཉི་ཧོང་ནང་གསུངས་འདུག།
བྱང་ཀོ་རི་ཡས་འདི་ལོའི་ཕྱི་ཟླ་དང་པོའི་ནང་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་ཐེངས་བཞི་བྱས་པ་དང་། ཕྱི་ཟླ་གཉིས་པའི་ནང་རྒྱང་ཐག་རིང་པོར་གཏོང་ཐུབ་པའི་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་ཡོད་ཅིང་། དེ་གཉིས་ཀ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་ལས་ཁང་གིས་གྲོས་ཆོད་ཁག་བཞག་པ་ཁག་དང་འགལ་གྱི་ཡོད་སྟབས། ཨ་རི་དང་རྒྱ་ནག་གཉིས་མཉམ་འབྲེལ་སྒོ་ནས་བྱང་ཀོ་རི་ཡར་ཉེས་ཆད་འཕར་མ་འགེལ་རྒྱུའི་ཟིན་བྲིས་ཤིག་ཕྱི་ཟླ་གསུམ་པའི་འགོ་སྟོད་ལ་བཟོས་ཡོད་པ་རེད།
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་གཞོན་པ་Antony Blinken་མཆོག་གིས་དེ་རིང་ཚེས་༡༨་ཉིན་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོའི་ནང་། ཉི་ཧོང་གཞུང་གི་མཐོ་རིམ་དཔོན་རིགས་ལྷན་དུ་མཇལ་འཕྲད་གནང་བའི་རྗེས་སུ་གལ་ཏེ་བྱང་ཀོ་རི་ཡས་ཡང་བསྐྱར་རྡུལ་ཕྲན་མཚོན་ཆ་ཚོད་བལྟ་བྱས་པ་སོགས་འཁྲུག་རྐྱེན་སློང་གཞིའི་བྱ་སྤྱོད་གཉེར་ཚེ་རང་ཉིད་མར་ལྷུང་སའི་ཨི་ཁུང་གཏིང་རིང་དུ་བྲུས་པ་དང་གཅིག་མཚུངས་ཡིན་ཚུལ་དང་། གལ་ཏེ་བྱང་ཀོ་རི་ཡས་ཡང་བསྐྱར་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་སོགས་ཚོད་བལྟ་བྱས་ཚེ་ཨ་མེ་རི་ཀས་ཡ་ལན་འཕར་མ་སློག་རྒྱུ་ཡིན་ལུགས་གསུངས་འདུག  
ད་དུང་ཁོང་ནས་བྱང་ཀོ་རི་ཡའི་ཐོག་དཔལ་འབྱོར་ཉེས་ཆད་གཙོས་པའི་ཉེས་ཆད་མང་པོ་གཏོང་སྲིད་པ་དང་། ཡིན་ནའི་དམིགས་སུ་བཀར་ནས་དེ་དག་སྐོར་ཤོད་རྒྱུ་དུས་ལ་བབ་མེད་ལུགས་ཀྱང་གསུངས་འདུག
བྱང་ཀོ་རི་ཡས་རེས་གཟའ་པ་སངས་ཉིན་མེ་ཤུགས་འཕུར་མདེལ་ཞིག་ཚོད་བལྟ་བྱས་པ་དེ་ལམ་ལྷོང་མ་བྱུང་བར་བརྟེན་ནས་ངོ་ཚ་ཁ་སྐྱེངས་བྱུང་བའི་རྗེས་སུ། མཁས་པ་འགའ་ཤས་ཀྱིས་བྱང་ཀོ་རི་ཡའི་གྲོས་ཚོགས་མ་འཚོགས་ཙམ་གྱི་གོང་ལ་འདི་ལོའི་ཕྱི་ཟླ་༥་པའི་འགོ་སྟོད་ལ་ཡུལ་དེས་རྡུལ་ཕྲན་མཚོན་ཆ་ཚོད་བལྟ་ཐེངས་ལྔ་པ་དེ་བྱེད་ཉེན་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org