ཧོང་ཀོང་ཐོག་ཁྲིམས་གཞི་བཙན་བཀལ་བྱེད་མཁན་རྒྱ་མིའི་དཔོན་ཪིགས་ཚོར་ཉེས་ཆད་འགེལ་རྒྱུའི་ཁྲིམས་འཆར་གཏན་འབེབས།

ཧོང་ཀོང་ཐོག་ཁྲིམས་གཞི་བཙན་བཀལ་བྱེད་མཁན་རྒྱ་མིའི་དཔོན་རིགས་ཚོར་ཨ་རིས་དཔལ་འབྱོར་གྱི་ཉེས་ཆད་འགེལ་རྒྱུའི་ཁྲིམས་འཆར་གཏན་འབེབས་གནང་བ།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པི་ལོ་སི་མཆོག། ཨེ་ཨེཕ་པི།

༄༅།ཨ་མེ་རི་ཀའི་གྲོས་ཚོགས་འོག་མས་རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཁྲིམས་གཞི་ཟེར་བ་དེ་བཙན་བཀལ་བྱེད་མཁན་རྒྱ་མིའི་དཔོན་རིགས་ཚོ་དང་། ཚོང་འབྲེལ་བྱེད་མཁན་དངུལ་ཁང་ཁག་ལ་དཔལ་འབྱོར་ཉེས་ཆད་འགེལ་རྒྱུའི་ཁྲིམས་འཆར་སྤྱི་མོས་ཐོག་ནས་གཟའ་ལྷག་པའི་ཉིན་གཏན་འབེབས་གནང་འདུག
ཨ་རིའི་གྲོས་ཚོགས་འོག་མས་སྤྱི་མོས་ཐོག་ནས་ཁྲིམས་འཆར་གཏན་འབེབས་གནང་བ་དེ་ནི། རྒྱ་ནག་གཞུང་ནས་ཧོང་ཀོང་ནང་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཁྲིམས་གཞི་དངོས་སུ་ལག་བསྟར་བྱས་པ་དེས། དེ་སྔ་རྒྱལ་སྤྱིའི་དཔལ་འབྱོར་གྱི་ལྟེ་གནས་ཤིག་ཏུ་ཡར་རྒྱས་ཕྱིན་པའི་ཧོང་ཀོང་ལ་རང་སྐྱོང་གི་ཁེ་དབང་ཡོད་པ་ཁག་མཚམས་ཆད་པ་ཡིན་པར་ཨ་རིའི་ཕྱོགས་ནས་སེམས་ཚབས་ཆེན་པོ་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད་པ་རེད།
ཁྲིམས་གཞི་ཚེས་༡ ཉིན་ཨ་རིའི་གྲོས་ཚོགས་འོག་མས་གཏན་འབེབས་མ་གནང་གོང་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་Nancy Pelosi མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་ད་ལྟའི་ཧོང་ཀོང་གི་གནས་སྟངས་སྐོར་གྱི་གསན་ཞིབ་ལ་ཆེད་ཕེབས་གནང་སྟེ། རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཁྲིམས་གཞི་བཀལ་བ་དེ་ནི། རྒྱལ་ཁབ་གཅིག་ལ་ལམ་ལུགས་ཀྱི་རྕ་དོན་ཤི་བའི་རྟགས་མཚན་ཡིན་ལུགས་གསུང་ཡོད་པ་མ་ཟད། ཁྲིམས་གཞི་དེ་ནི་ཧོང་ཀོང་མི་མང་ཐོག་བཙན་གནོན་བྱ་རྒྱུའི་གདུག་རྩུབ་དྲག་གནོན་ཆེ་བ་དང་།  དེ་སྔོན་རྒྱ་གཞུང་གིས་ཧོང་ཀོང་མི་མང་གི་རང་དབང་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་དམ་བཅའ་ཁག་གཏོར་བཤིག་གཏོང་རྒྱུར་དམིགས་པའི་ཁྲིམས་གཞི་ཞིག་ཡིན་པའི་སྐོར་གསུངས་ནས་སྐྱོན་བརྗོད་དྲག་པོ་གནང་འདུག
ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་Mike Pompeo མཆོག་གིས་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་།  རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཁྲིམས་གཞི་བཙན་བཀལ་བྱས་པ་དེ་ནི། རྒྱལ་ཁབ་གཞན་ཚང་མར་ཁ་གཏད་གདོང་ལེན་བྱས་པ་ཞིག་ཡིན་པས། ཨ་རིའི་སྲིད་འཛིན་Trump་མཆོག་གིས་བཀོད་ཁྱབ་གནང་བ་གཞིར་བཟུང་། ཨ་རིས་ཧོང་ཀོང་ལ་དེ་སྔ་དམིགས་བསལ་གྱི་གནས་བབ་ཡོད་པ་དེ་མཚམས་འཇོག་བྱ་རྒྱུའི་ལས་དོན་མུ་མཐུད་ནས་ལག་བསྟར་གནང་རྒྱུ་ཡིན་ལུགས་གསུངས་འདུག

ཨ་རིས་ཧོང་ཀོང་ལ་དམིགས་བསལ་གནས་བབ་ཡོད་པ་མེད་པ་བཟོ་རྒྱུ་འགོ་བཙུགས་གནང་ཟིན་པ་དང་། བདེ་འཇགས་སྲུང་སྐྱོབ་ཀྱི་ལག་ཆ་ཕྱིར་ཚོང་བཀག་འགོག་ དེ་བཞིན་ཨ་རིའི་ཆེས་ཡར་ཐོན་ཅན་གྱི་བཟོ་རྩལ་རིག་གནས་ཁག་ཐོབ་རྒྱུར་དམ་དྲག་བྱེད་འགོ་བཙུགས་ཟིན་ཡོད་པ་རེད།

གོང་གི་ཁྲིམས་འཆར་དེ་བཞིན་དེ་རིང་ཕྱི་ཟླ་༧ པའི་ཚེས་༢ རེས་གཟའ་ཕུར་བའི་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་སྲིད་དོན་ཚོགས་པ་གཉིས་ཀ་ཐུན་མོང་གི་ཐོག་ནས་གཏན་འབེབས་གནང་ཡོད་པ་དང་།
ཁྲིམས་འཆར་དེ་སྲིད་འཛིན་ Donald Trump མཆོག་གིས་མཚན་རྟགས་བཀོད་རྗེས་ཁྲིམས་ལུགས་ཆགས་ཀྱི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org