ཨ་རིའི་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཉི་མ་གང་དུ་ཡོད་མེད་དང་། བདེ་ཐང་ཡིན་མིན་རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག
- 2024-05-17
-
-
-
Your browser doesn’t support HTML5 audio
ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས ༡༧ ནི་ཕྱི་ལོ་ ༡༩༩༥ ལོར་རྒྱ་ནག་གཞུང་གིས་༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགུང་ལོ་དྲུག་གི་སྟེང་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ཉི་ཤུ་རྩ་དགུ་འཁོར་བའི་ཉིན་མོ་ཡིན་ལ། སྐབས་འདི་དང་བསྟུན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Mathew Miller ཡིས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། དེ་རིང་ནི། བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་མི་སྣ་གལ་ཆེན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགུང་ལོ་དྲུག་གི་སྟེང་། རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཏེ། ལོ་ངོ་ཉི་ཤུ་རྩ་དགུ་འཁོར་བའི་ཉིན་མོ་རེད། དགེ་འདུན་ཆོས་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ད་ལྟའི་བར་མི་མང་གི་མདུན་དུ་ཐོན་མེད། རྒྱ་ནག་གཞུང་གིས་བོད་མི་མང་ལ་ཆོས་ལུགས་ཀྱི་མི་སྣ་གལ་ཆེན་འདི་ལ་མཇལ་འཕྲད་བྱེད་དུ་མི་འཇུག་པར་མ་ཟད། དེའི་ཚབ་ཏུ་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་ཡང་སྲིད་ཞིག་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་རེད། ཅེས་བཀོད་འདུག
རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་ཟེར་བ་ཞིག་ཕྱི་ལོ་༡༩༩༥ལོའི་ཕྱི་ཟླ་༡༡པའི་ནང་ལྷ་ལྡན་གཙུག་ལག་ཁང་གི་རྟེན་གཙོའི་སྤྱན་སྔར་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ཀྱི་འོས་མི་གསུམ་ནང་ནས་ངོས་འཛིན་བྱས་ཚུལ་བརྗོད་ནས་ཆབ་སྲིད་ཀྱི་དགོས་མཁོ་ལ་གཞིགས་ནས་དྲིལ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད།
ཡང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་སྤེལ་བའི་གསལ་བསྒྲགས་དེའི་ནང་། ཨ་རིའི་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་། བོད་མི་རྣམས་ཀྱིས་བོད་ཀྱི་ཆོས་ལུགས་དང་། རིག་གཞུང་། སྐད་ཡིག་བཅས་ལོངས་སུ་སྤྱོད་རྒྱུའི་ཐོང་ཐང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་། བོད་མི་རྣམས་ལ་ཆོས་ལུགས་ཀྱི་ཚོགས་སྡེ་གཞན་དང་འདྲ་བར་སྲིད་གཞུང་གི་ཐེ་ཇུས་མེད་པར་སོ་སོའི་ཡིད་ཆེས་ལྟར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། པཎ་ཆེན་རིན་པོ་ཆེ་ལྟ་བུའི་རང་གི་དབུ་ཁྲིད་རྣམས་རང་ཉིད་ཀྱིས་འདེམས་སྒྲུག་དང་། སློབ་གཉེར། གུས་བཀུར་གྱི་ནུས་པ་ཡོད་ངེས་ཡིན། ང་ཚོས་རྒྱ་ནག་གཞུང་གི་དཔོན་རིགས་ཚོར་དགེ་འདུན་ཆོས་ཉི་མ་མཆོག་གང་དུ་ཡོད་མེད་དང་། བདེ་ཐང་ཡིན་མིན་འཕྲལ་དུ་འགྲེལ་བརྗོད་བྱེད་དགོས་པ་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་ཁས་ལེན་དམ་བཅའ་བྱས་པ་ལྟར་ཁོང་ལ་འགྲོ་བ་མིའི་ཐོབ་ཐང་ཆ་ཚང་བ་ལག་བསྟར་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་བཀོད་འདུག
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་Uzra Zeya ཡིས་ཀྱང་ X སྤྱི་ཚོགས་བརྒྱུད་ལམ་ཐོག་ ལོ་ངོ་༢༩ གོང་ལ། རྒྱ་ནག་གཞུང་གིས་ལོ་ན་དྲུག་ལ་སོན་པའི་པཎ་ཆེན་རིན་པོ་ཆེ་བཙན་ཁྲིད་བྱས་པ་ནས་བཟུང་གར་སོང་ཆ་མད་དུ་གྱུར་བ་རེད། དེ་ནས་བཟུང་ད་ལྟའང་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བླ་མ་མུ་མཐུད་དུ་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་རེད་ཅེས་བཀོད་འདུག
ཡང་ཚེས ༡༧ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཞུང་ཚབ་ཆེན་མོ་Rashad Hussain ཡིས X སྤྱི་ཚོགས་བརྒྱུད་ལམ་ཐོག་ དགེ་འདུན་ཆོས་ཀྱི་ཉི་མ་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཡིན་ཞིང་། ཁོང་ནི་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་གལ་ཆེན་ཞིག་རེད། དགུང་གྲངས་དྲུག་གི་ཐོག་ཁོང་ནང་མི་ལྷན་དུ་གར་སོང་ཆ་མེད་དུ་གྱུར་ཅིང་། ལོ་ངོ་ཉི་ཤུ་རྩ་དགུའི་རྗེས་སུ་ཁོང་གི་གནས་བབ་དང་གང་དུ་བཞུགས་ཡོད་མེད་ད་ལྟའང་གསལ་པོ་ཆགས་མེད། རྒྱ་ནག་གཞུང་གིས་ཐེ་ཇུས་མི་བྱེད་པར་བོད་མི་ནང་བ་ཚོ་རང་ཉིད་ཀྱི་ཆོས་ལུགས་དབུ་ཁྲིད་ཚོར་མཇལ་འཕྲད་བྱེད་དུ་འཇུག་དགོས་ཞེས་འབོད་སྐུལ་ཞུས་འདུག
གསར་འགོད་པ། དཔལ་ལྡན་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།