ཨ་མི་རི་ཀ་དང་རྒྱ་གར་གྱིས་མཉམ་འབྲེལ་རྒྱ་བསྐྱེད་དུ་གཏོང་བཞིན་པར། རྒྱ་ནག་འདྲོགས་ཡོད་པ་ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག

ཨ་རིའི་སྲིད་འཛིན་གཞོན་པ་ཇེ་ཊི་ཝེན་སི་དང་རྒྱ་གར་གྱི་སྲིད་བློན་མོ་དི་གཉིས་མཇལ་འཕྲད་ཀྱིས་ཚོང་འབྲེལ་དང་། ཐབས་བྱུས་ལྡན་པའི་མཉམ་ལས་སོགས་ཀྱི་སྐོར་བཀའ་བསྡུར་གནང་འདུག

ཨ་རིའི་སྲིད་འཛིན་གཞོན་པ་དང་རྒྱ་གར་གྱི་སྲིད་བློན་གཉིས་མཇལ་འཕྲད། ༢༠༢༥།༠༤།༢༡ Reuters

རྒྱ་གར་དུ་ཨ་མི་རི་ཀའི་སྲིད་འཛིན་གཞོན་པ་ཇེ་ཊི་ཝེན་སི་(JD་Vance)མཆོག་གིས་སྤྱི་ཟླ་ ༤ པའི་ཚེས་ ༢༡ ཉིན་ནས་རྒྱལ་དོན་འཚམས་གཟིགས་དང་འབྲེལ། རྒྱ་གར་གྱི་སྲིད་བློན་ནཱརེནྟྲཱི་མོ་དི་མཆོག་དང་མཇལ་འཕྲད་གནང་སྟེ། རྒྱལ་ཁབ་གཉིས་ཕྱོགས་མང་པོ་ནས་མཉམ་ལས་ཡར་རྒྱས་འགྲོ་བཞིན་པར་བསྐྱར་ཞིབ་ཀྱིས། རྒྱ་གར་དང་ཨ་མི་རི་ཀའི་མི་མང་གི་བདེ་དོན་ཆེད་གཉིས་ཕན་གྱི་ཚོང་འབྲེལ་གྲོས་མཐུན་ཞིག་འཇོག་རྒྱུར། ཕན་ཚུན་གོ་བསྡུར་གྱིས་གལ་ཆེའི་ཡར་རྒྱས་འགྲོ་བཞིན་པར་དབུ་ཁྲིད་རྣམ་པ་གཉིས་ནས་ལེགས་སོའི་ཡི་རང་དང་མཚུངས། རྒྱ་གར་དང་ཨ་མི་རི་ཀའི་དབར་མུ་མཐུད་ནུས་པའི་ཐོན་ཁུངས་དང་རྒྱལ་སྲུང་། འཕྲུལ་རིག་འཐབ་ཇུས་བཅས་ཀྱི་ཐོག་མཉམ་ལས་རྒྱ་བསྐྱེད་ཡོང་བའི་འབད་བརྩོན་བསྟེན་དགོས་པའི་དོ་ནན་གནང་ཡོད་པ་མ་ཟད། ཕྱོགས་གཉིས་ཀའི་ཁེ་ཕན་དང་འབྲེལ་ཏེ་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཁག་ཅིག་གི་སྟེང་གོ་བསྡུར་གྱིས་གྲོས་མོལ་དང་སྦྲགས། ཕྱི་འབྲེལ་ནི་ཡར་ཐོན་གྱི་རྩ་བ་ཡིན་པར་ངོས་འཛིན་གནང་འདུག

ཨ་མི་རི་ཀའི་སྲིད་འཛིན་གཞོན་པ་ཇཱེ་ཌི་ཝན་སི་མཆོག་དང་རྒྱ་གར་སྲིད་བློན་མོ་དི་མཆོག་རྣམ་གཉིས་ཀྱི་མཇལ་འཕྲད་ཐད། རྒྱ་གར་གྱི་གྲོང་ཁྱེར་བྷེང་གྷ་ལུ་རུ་ནང་གི་ཏཱཀྴིལ་ཞིབ་འཇུག་ལྟེ་གནས་ཀྱི་རྒྱ་ནག་ཉམས་ཞིབ་པ་(Anushka Saxena)ལགས་ནས་འདི་ག་རླུང་འཕྲིན་ཁང་ལ་ཡིག་ཐོག་ལན་འདེབས་གནང་བའི་ནང་། “ཨ་མི་རི་ཀས་ཉིན་གྲངས་ ༩༠ ནང་སྒོ་ཁྲལ་སྤར་ཆ་མི་འབྱུང་བའི་དུས་བཀག་གི་རིང་། རྒྱ་གར་གཞུང་གིས་ཨ་མི་རི་ཀ་དང་ཚོང་འབྲེལ་གྱི་གྲོས་མཐུན་ཞིག་འཇོག་རྒྱུའི་ཐུགས་འདུན་གཏད་དེ་གྲོས་མོལ་ལམ་ལྷོང་ཡོང་བའི་རེ་བ་གནང་གི་ཡོད་སྲིད་པར། ཨ་མི་རི་ཀའི་སྲིད་འཛིན་གཞོན་པའི་གཟིགས་སྐོར་འདི་ཧ་ཅང་གནད་འགག་ཆགས་ཡོད་ནའང་། རྒྱ་ནག་ཚོང་དོན་ལྷན་ཁང་གིས་སོ་སོའི་ཁེ་ཕན་མི་ཤོར་ཆེད། རྒྱལ་ཁབ་སུས་ཀྱང་ཨ་མི་རི་ཀའི་སྒོ་ཁྲལ་གྱི་དགོས་འདུན་མ་སྒྲུབས་ཤིག་ཅེས་ཉེན་བརྡ་བཏང་བ་ནི། རྒྱ་གར་གྱི་སྟེང་དུའང་ཁྱབ་ནས་ཨ་མི་རི་ཀ་དང་རྒྱ་གར་གྱིས་མཉམ་འབྲེལ་རྒྱ་བསྐྱེད་དུ་གཏོང་བཞིན་པར། རྒྱ་ནག་གཞུང་གིས་དོགས་འདྲོགས་གཏིང་ཟབ་བྱེད་བཞིན་”ཡོད་ཅེས་གསུང་གི་འདུག

གཞན་ཡང་ཁོང་གིས་“རྒྱ་ནག་གཞུང་གིས་ཨ་མི་རི་ཀ་དང་གྲོས་མོལ་ལ་མཐའ་གཅིག་ཏུ་ངོ་རྒོལ་གྱིས་ཨ་རིས་ཁོ་ཚོའི་དཔལ་འབྱོར་ཡར་རྒྱས་ལ་འགོག་རྐྱེན་བཟོ་བཞིན་པར་ངོས་འཛིན་བྱས་པ་དེ། རྒྱ་གར་ལ་ཉེན་བརྡ་དང་རྒྱལ་ཁབ་ཆུང་གྲས་ཁག་མང་པོར་བྱེད་སྟངས་མི་ཤེས་པ་བཟོས་ཡོད་མུར། རྒྱ་ནག་གཞུང་གིས་ཨ་མི་རི་ཀས་སྒོ་ཁྲལ་སྤར་བ་ནི། རྒྱ་ནག་ཡར་རྒྱས་ཀྱི་འགོག་རྐྱེན་དུ་དམིགས་པ་གསལ་བོ་ཤེས་ཚོར་ཡོད་པར་བརྟེན། ཨ་མི་རི་ཀ་དང་རྒྱ་གར་དབར་ཚོང་འབྲེལ་གྲོས་མཐུན་ལ་མཚན་རྟགས་བཀོད་ཕྱིན། རྒྱ་ནག་གིས་རྒྱ་གར་དང་ལྷན་གྲོས་མོལ་གྱི་ཁོར་ཡུག་ཇེ་ཆུང་དུ་སོང་སྟེ་རྒྱ་གར་དང་རྒྱ་ནག་དབར་རྩོད་གླེང་ཇེ་ཆེར་འགྲོ་བ་དང་བསྟུན། དམིགས་བསལ་ཚོང་ལས་ཀྱི་ཁོར་ཡུག་ནང་རྒྱ་གར་ཨ་མི་རི་ཀའི་ཕྱོགས་སུ་བཞེངས་པ་དང་། ཨ་རིའི་འདོད་དོན་བསྐངས་ཏེ་རྒྱ་དཀར་ནག་དབར་ཐོབ་ཤོར་དང་བཀག་རྒྱ་སྣ་ཚོགས་ཤིག་ཡོང་སྲིད་པ་དང་། ཡང་ན་གང་ཡང་མི་འབྱུང་བའི་གནས་སྟངས་ཀྱང་བྱུང་སྲིད་པ་རེད།”ཅེས་གསལ་སྟོན་གནང་གི་འདུག

ཡང་རྒྱ་གར་གྱི་ཐེབས་རྩ་ཁང་གི་རྒྱ་ནག་ཉམས་ཞིབ་པ་(Shikha Aggarwal)ལགས་ནས་ཀྱང་།“རྒྱ་གར་གྱི་ཚོང་དོན་གྲོས་མོལ་གནང་མཁན་རྣམས་སྤྱི་ཚེས་ ༢༤ ཉིན་ཨ་རིའི་ནང་ཕེབས་རྒྱུའི་འཆར་གཞི་བསྒྲིགས་ཡོད་པའི་སྐབས་འདིར། ཨ་མི་རི་ཀའི་སྲིད་འཛིན་གཞོན་པ་མཆོག་ཛ་དྲག་གི་དཀྱོག་མཚམས་སུ་རྒྱ་གར་དུ་འབྱོར་པ་དེས། ཕྱི་འབྲེལ་གྱི་བརྡ་ལན་ཧ་ཅང་ཤུགས་ཆེ་ཞིག་སྟོན་བཞིན་པ་དང་མཚུངས། རྒྱལ་ཁབ་གཉིས་ཕན་ཚུན་འཐབ་ཇུས་དང་དཔལ་འབྱོར་གྱི་ཆ་ནས་ཤུགས་ཆེ་སྦྲེལ་བསྡད་པའི་གལ་གནད་མཚོན་གྱི་ཡོད་པ་དང་། ཨ་རིའི་སྒོ་ཁྲལ་ནི་རྒྱ་ནག་ལ་མཚོན་ན་ཆག་སྒོ་ཧ་ཅང་ཆེན་པོ་ཞིག་དང་། རྒྱ་ནག་གིས་སོ་སོ་ཕྱིར་ཚོང་ལ་བརྟེན་མི་དགོས་པའི་རྣམ་འགྱུར་བསྟན་གྱི་ཡོད་ནའང་། རྒྱ་ནག་གིས་ཨ་མི་རི་ཀར་ཕྱིར་ཚོང་ཇེ་ཉུང་དུ་ཕྱིན་པ་ནས་ལྷོ་ཤར་ཨེ་ཤེ་ཡའི་ནང་ཕྱིར་ཚོང་རྒྱ་ཆེ་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གི་རྒྱལ་ཁབ་ཐོན་འབབ་GDPདཔལ་འབྱོར་ཉམས་ཆག་ཇི་ཆེར་འབྱུང་གི་ཡོད་པ་དང་། རྒྱ་གར་གྱི་དཔལ་འབྱོར་ཁ་ཕྱོགས་ནི་གཙོ་བོ་ཨ་རི་དང་ཡོ་རོབ། དབྱིན་ཡུལ་བཅས་ལ་དམིགས་ཡོད་པ་མ་གཏོགས། རྒྱ་ནག་དང་ལྷན་དཔལ་འབྱོར་གྱི་མཉམ་རུབ་ཁོར་ཡུག་ཁག་པོ་ཆགས་ཡོད་”ཅེས་གསལ་སྟོན་གནང་གི་འདུག

ཨ་མི་རི་ཀའི་སྲིད་གཞོན་པ་ཇེ་ཊི་ཝེན་སི་(JD Vance)མཆོག་གི་སྐུ་ཟླ་ནི་རྒྱ་གར་གྱི་མི་རིགས་ལས་མཆེད་པའི་ལྕམ་སྐུ་ཨུ་ཤ་ཅི་ལུ་ཀུ་རི་(Usha Chilukuri)ལགས་ཡིན་པས། ཁོང་གིས་ད་ལན་ཆེད་དུ་ལྕམ་སྐུ་མཆོག་དང་སྲས་སྲོས་གསུམ་བཅས་རྒྱ་གར་དུ་ཁྲིད་ཡོད་པར། རྒྱ་གར་སྲིད་བློན་མཆོག་གིས་འཚམས་འདྲིའི་དགའ་བསུ་དང་། ཕྱོགས་གང་ཅིའི་ཆ་ནས་གཉིས་ཕན་གྱི་མཉམ་ལས་དོན་ཐོག་ཏུ་སྨིན་པ་ཞིག་ཡོང་བའི་ཐུགས་རེ་གནང་གི་ཡོད་པ་རེད། །

གསར་འགོད་པ། བློ་བྷེ། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

 

 

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org