ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་ཀྱི་ལོ་གསར་ཐེངས་ ༡༡ པ་སྲུང་བརྩི་ཞུས་ཤིང་། ཨ་རིས་བོད་དོན་ཐད་རྒྱབ་སྐྱོར་གནང་རྒྱུ་དེས་ཨ་རིའི་རང་ཉིད་ཀྱི་ནུས་པ་དང་། འཕེལ་རྒྱས། བརྟན་ལྷིང་ལ་ཕན་ནུས་སྐྲུན་གྱི་ཡོད་ཅེས་གསུངས་སོང་།
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཚོགས་ཁང་ཞིག་ཏུ་བོད་རྒྱལ་ལོ་ ༢༡༥༢ ཤིང་སྦྲུལ་ལོའི་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་སོང་། འདི་ནི་ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་ (Donald Trump) མཆོག་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༠ ཉིན་སྲིད་འཛིན་ལས་ཡུན་གཉིས་པའི་དམ་འབུལ་གནང་པའི་རྗེས་སུ་ཨ་རིའི་གཞུང་གིས་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་པ་ཐོག་མར་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་པ་ཐེངས་ ༡༡ པ་དེ་ཆགས་ཡོད་པ་རེད།
- 2025-03-04
-
-
-
ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༤ ཉིན་གྱི་ཕྱེད་ཡོལ་ཕྱག་ཚོད་ ༣ པ་ཙམ་ལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཚོགས་ཁང་ཞིག་ཏུ་བོད་རྒྱལ་ལོ་ ༢༡༥༢ ཤིང་སྦྲུལ་ལོའི་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་སོང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་མང་བདེ་འཇགས་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་དྲུང་ཆེ་ལས་རོགས་ལས་ཚབ་ཨེལ་སྦརཊི་གྷོམ་བྷིསི་ (Albert Gombis) མཆོག་གིས་ལོ་གསར་གྱི་འཚམས་འདྲི་གནང་སྐབས། ཨ་རིས་བོད་དོན་ཐད་རྒྱབ་སྐྱོར་གནང་རྒྱུ་དེས་ཨ་རིའི་རང་ཉིད་ཀྱི་ནུས་པ་དང་། འཕེལ་རྒྱས། བརྟན་ལྷིང་ལ་ཕན་ནུས་སྐྲུན་གྱི་ཡོད་རེད་ཅེས་གསུངས་སོང་།
འདི་ནི་ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་ (Donald Trump) མཆོག་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༠ ཉིན་སྲིད་འཛིན་ལས་ཡུན་གཉིས་པའི་དམ་འབུལ་གནང་པའི་རྗེས་སུ་ཨ་རིའི་གཞུང་གིས་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་པ་ཐོག་མར་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་པ་ཐེངས་ ༡༡ པ་དེ་ཆགས་ཡོད་པ་རེད།
ལོ་གསར་གྱི་མཛད་སྒོའི་ཐོག་དྲུང་ཆེ་ལས་རོགས་ལས་ཚབ་ཨེལ་སྦརཊི་གྷོམ་བྷིསི་ (Albert Gombis) མཆོག་གིས། "རྒྱ་ནག་དམར་ཤོག་ཚོགས་པས་ཨ་རིའི་ནང་གི་བོད་མི་ཨ་རི་བ་སྟོང་ཚོའི་སྟེང་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་བྱ་ཐབས་སྤེལ་བ་ནི་བཟོད་ཐབས་མེད་པའི་ཐད་ཀའི་ཉེན་ཁ་ཞིག་ཡིན། ང་ཚོས་མུ་མཐུད་རང་དབང་དང་ཞི་བདེའི་ཆེད། རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་ནང་དང་ཕྱི་རྒྱལ་ཁག་ཏུ་རྡུག་སྦྱོང་གཏོང་ཡུལ་གྱི་དཔའ་ངར་ལྡན་པའི་བོད་མི་གནའ་སྦྲེལ་ཚོ་ལ་མུ་མཐུད་རྒྱབ་སྐྱོར་བྱ་དགོས་"ཞེས་དང་། "བོད་མིའི་རང་སྐྱོང་གི་ཆེད་ལོ་ངོ་བཅུ་ཕྲག་རིང་གི་འཐབ་རྩོད་ནི་བོད་མི་ས་ཡ་དྲུག་དང་། ཕྱི་ཕྱོཊ་སུ་ཡོད་པའི་བོད་མི་ཁྲི་ཚོ་མང་པོ་གཅིག་པུའི་ཆེད་མིན་པར། རྒྱ་ནག་དམར་ཤོག་ཚོགས་པའི་དྲག་གནོན་ལས་རང་དབང་འཐོབ་ཆེད་འཛམ་གླིང་སྤྱིའི་མདུན་སྐྱོད་ཀྱི་འཐབ་རྩོད་གཅིག་ཆགས་ཡོད་"ཅེས་གསུངས་སོང་།
ད་ལྟའི་ཆར་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་མེད་པ་ལྟར་མཛད་སྒོའི་ཐོག་སྲིད་འཛིན་ཊམཔ་མཆོག་གིས་བསྐོ་གཞག་གནང་པའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་མང་བདེ་འཇགས་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་བློན་ཆེན་རིམ་པ་གསུམ་པ་དྲུང་ཆེ་ལས་རོགས་ཀྱི་ལས་ཚབ་ཏུ་བསྐོས་པ་ཨེལ་སྦརཊི་གྷེམ་བྷིསི་ (Albert Gombis) ཕེབས་ཡོད་ཅིང་། ཁོང་གིས་ལོ་གསར་འཚམས་འདྲིའི་གསུང་བཤད་གནང་པའི་ནང་། ཨ་རིའི་ཆབ་སྲིད་ཚོགས་པ་ཟུང་སྦྲེལ་གྱི་ཐོག་ནས་བོད་མིའི་ཆོས་དང་རིག་གཞུང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་དོན་དམིགས་བསལ་འབྲེལ་མཐུད་ལས་ཁུངས་ངོས་ནས་མུ་མཐུད་ཕྱག་ལས་གནང་རྒྱུ་ཡིན་པ་གསུངས་སོང་། ཁོང་གིས་ད་དུང་། དིང་རིའི་ས་ཡོམ་གོད་ཆག་ཕོག་པ་དང་༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་འཚམས་སྦྱོར་གནང་ཞིང་། བོད་མིའི་ངོ་བོ་སྲུང་སྐྱོབ་དང་། ལྷག་པར་བོད་ཀྱི་སྣོད་བཅུད་སྲུང་སྐྱོབ་གནང་རྒྱུ། དེ་བཞིན་ཨ་རིའི་ཐབས་བྱུས་ཀྱི་དགོངས་པ་བཞེས་ཕྱོགས་ཐོག་ནས་རྒྱ་ནག་གིས་ཨ་རིར་སྣོད་སྐྱོན་གཏོང་བའི་བྱ་སྤྱོད་ཁག་ལ་གདོང་ལེན་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་སོང་།
ཁོང་གིས་ད་དུང་། བོད་མཐོ་སྒང་དང་དེ་ཁུལ་ས་གཞི་ཆེ་བ་རྣམས་ཨ་རིའི་དཔལ་འབྱོར་ཕུན་སུམ་ཚོཊ་པར་ཡོང་བར་ཐད་ཀའི་ཤུགས་རྐྱེན་ཡོད། བོད་ནི་གཤམ་རོལ་གྱི་རྒྱལ་ཁབ་ཏུ་གནས་པའི་མི་འབོར་ས་ཡ་ ༡.༨ ལ་ཆུའི་ཐོན་སྐྱེད་ཀྱི་འབྱུང་ཁུངས་རེད་ཅེས་གསུངས་སོང་།
འདི་ལོའི་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ལོ་གསར་སྲུང་བརྩིའི་སྐབས། བོད་དིང་རི་ས་ཁུལ་དུ་ས་ཡོམ་གྱི་རྐྱེན་ངན་འོག་ཤི་རྨས་བྱུང་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པ་བཅས་ལ་བརྟེན་ནས། དགའ་སྤྲོའི་རྣམ་པ་མི་དགོས་པའི་ཐོག་ནས་ཨ་རིའི་ནང་གི་གསང་ཆེན་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་དྲུག་ཆེད་ཕེབས་ཀྱིས། སྨོན་ལམ་གསུང་འདོན་དང་། ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པའི་རྒྱུན་ལས་དང་ཚོགས་མི་རྣམས་ཀྱིས་ལོ་གསར་གྱི་དུས་ཆེན་དང་མཚོན་དོན་ཁག་ངོ་སྤྲོད་ཞུས་ཏེ་སྲུང་བརྩི་ཞུས་སོང་།
སྤྱིར་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་སྲོལ་འདི་ཐོག་མར་ཕྱི་ལོ་ ༢༠༡༥ ལོར་འགོ་འཛུགས་གནང་ཡོད་པ་དང་། སྐབས་དེར་བོད་དོན་དམིགས་བསལ་སྐུ་ཚབ་སཱ་རཱ་སི་ཝལ་ (Sara Sehwall) མཆོག་ཡིན་པ་དང་། བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་ལམ་དེ་ཕྱི་ལོ་ ༡༩༩༧ ལོར་སྲིད་འཛིན་སྦིལ་ཁིལིན་ཊན་ (Bill Clinton) གྱི་སྲིད་གཞུང་སྐབས་གསར་གཏོད་གནང་སྟེ་གྷརེ་གྷོ་རི་ཁེརེག་ (Gregory Craig) བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་ཐོག་མར་གནང་ཡོད་པ་རེད།
འདི་ལོའི་ལོ་གསར་སྲུང་བརྩི་ཞུས་པ་འདི་ནི་སྲིད་འཛིན་གསར་པའི་དམ་འབུལ་ཟིན་ཏེ་ཟླ་བ་གཅིག་ལྷག་ཙམ་ལས་སོང་མེད་སྟབས། སྲིད་འཛིན་ཊམཔ་སྲིད་གཞུང་གི་བློན་ཆེན་རིམ་པའི་དྲུང་ཆེ་དང་འགན་འཁུར་བ་བསྐོ་གཞག་རིམ་པར་གནང་བཞིན་པའི་དུས་སྐབས་འཁེལ་ཡོད་པ་མ་ཟད། སྲིད་འཛིན་གསར་པས་འོས་བསྡུའི་དྲིལ་བསྒྲགས་སྐབས་ཁས་ལེན་གནང་པའི་སྲིད་བྱུས་ཁག་ལག་བསྟར་འགོ་འཛུགས་བྱེད་པའི་དུས་སྐབས་ཤིག་ཀྱང་འཁེལ་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་ལས་ཁུངས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མརྐོ་རུ་སྦི་ཡོ་ (Marco Rubio) མཆོག་གིས་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “ཤིང་སྦྲུལ་ལོའི་བོད་ཀྱི་ལོ་གསར་གྱི་ཉིན་དང་པོ་འདིར། ང་ཚོས་འཛམ་གླིང་ཡོངས་ཀྱི་བོད་མིའི་ཚོགས་སྡེ་ཁག་གི་སྟོབས་ཤུགས་དང་རྒྱུན་གནས་བརྟན་པོར་ཐུབ་པར་དགའ་སྟོན་སྲུང་བརྩི་ཞུ་གི་ཡོད་པ་གསུང་ཞིང་། ཨ་མི་རི་ཀས་བོད་མི་ཚོའི་ཀུན་ཁྱབ་ཀྱི་འགན་འཁུར་དང་། གཞི་རིམ་གྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཤུལ་བཞག་རྣམས་གོང་སྤེལ་གཏོང་རྒྱུར་ཆོད་སེམས་བརྟན་པོ་འཛིན་བཞིན་ཡོད་ཅེས་ལོ་གསར་ལ་འཚམས་འདྲི་གནང་ཡོད་པ་རེད།
ཨ་རིའི་སྲིད་འཛིན་ཌོལ་ནལཌི་ཊམཔ་ (Donald Trump) མཆོག་གི་གཞུང་འཛིན་གསར་པའི་འོག་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་རྒྱུའི་ཐད་ད་ལྟའི་ཆར་གསལ་བསྒྲགས་གང་ཡང་གནང་རྒྱུ་མེད་ཅེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲི་བར་ཡིག་ཐོག་ལན་འདེབས་གནང་བའི་ནང་གསུངས་ཡོད་ལ། འདི་ནི་ད་ལྟའི་ཨ་རིའི་གཞུང་འཛིན་གསར་པས་བོད་དོན་ཡོངས་གྲགས་གསལ་བཤད་གནང་པ་ཐོག་མ་ཆགས་ཀྱི་ཡོད་པ་རེད།
ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། ཁོང་གི་སྐུ་ཚབ། ཡང་ན་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་བོད་མིའི་འགོ་ཁྲིད་ཚོ་དང་མཉམ་དུ་སྔོན་འགྲོའི་ཆ་རྐྱེན་མེད་པར་ཐད་ཀར་གྲོས་མོལ་བསྐྱར་མཐུད་ཀྱིས་མི་མཐུན་པའི་ཆ་རྣམས་སེལ་ཐབས་དང་། བོད་མི་ཚོར་དོན་དམ་གྱི་རང་སྐྱོང་འཐོབ་ཐབས་བྱེད་དགོས་པའི་འབོད་སྐུལ་མུ་མཐུད་བྱེད་རྒྱུ་ཡིན་ཞེས་ལན་འདེབས་གནང་ཡོད་པ་རེད།།
གསར་འགོད་པ། བཀྲིས་དབང་ཕྱུག བསྟན་འཛིན་པདྨ། པ་སངས་དོན་ལྡན།
པར་ལེན་སྒྲིག་སྦྱོར་བ། པ་སངས་དོན་ལྡན།
དྲྭ་ཐོག་རྩོམ་སྒྲིག་པ་དང་སྤེལ་མཁན། བཀྲིས་དབང་ཕྱུག