རྒྱ་ནག་གི་དཔོན་རིཊ་ཨ་རིའི་ནང་ཡོང་རྒྱུར་ཨ་རིས་མཐོང་མཆན་བཀག་སྡོམ་གྱི་བཀའ་རྒྱ་གཏོང་རྒྱུ་ཡིན་འདུག
རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཚོའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ཕྱིར་འཐེན་མ་བྱས་བར་དུ་ཨ་རི་གཞུང་གིས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཨ་རིའི་ནང་ཡོང་རྒྱུར་མཐོང་མཆན་བཀག་སྡོམ་བྱ་རྒྱུ་ཡིན་འདུག
-
2019-10-09 -
-
-
Your browser doesn’t support HTML5 audio
རྒྱ་ནག་གཞུང་གིས་ཤིན་ཅང་ངམ་ཤར་ཏུར་ཀི་སི་ཐན་ཡུ་གུར་མི་རིགས་ཚོའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ཕྱིར་ཐེན་མ་བྱས་བར་དུ་ཨ་རི་གཞུང་གིས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཨ་རིའི་ནང་ཡོང་རྒྱུར་མཐོང་མཆན་བཀག་སྡོམ་བྱ་རྒྱུ་ཡིན་འདུག
ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཕྱི་སྲིད་དྲུང་ཆེ་(Mike Pompeo)་ཡི་མཚན་ཐོག་ནས་འདི་ཚེས་༨་ཉིན་གསལ་བསྒྲགས་ཤིག་ཕྱིར་བསྒྲགས་གནང་བའི་ནང་། རྒྱ་ནག་གཞུང་གིས་ཤིན་ཅང་ངམ་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་མི་རིགས་དང་ཁ་རྫག་མི་རིགས་སོགས་གྲངས་ཉུང་མི་རིགས་ཚོའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ངེས་པར་དུ་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་གནང་བ་དང་འབྲེལ། སྲིད་བྱུས་དེའི་རིགས་ཕྱིར་འཐེན་མ་བྱས་བར་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོ་ཨ་རིའི་ནང་ཡོང་རྒྱུར་མཐོང་མཆན་(Visa)་བཀག་སྡོམ་གྱི་བཀའ་རྒྱ་གཏོང་རྒྱུ་དང་། བཀག་སྡོམ་གྱི་བཀའ་རྒྱ་དེས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་གཅིག་པུ་མིན་པར་ཁོང་ཚོའི་ནང་མི་ཚོར་ཡང་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་མ་ཟད། དཔེར་ན། དཔོན་རིགས་དེ་དག་གི་ཕྲུ་གུ་ཨ་རིའི་ནང་ཡོད་པ་སོགས་ཡང་ཚུད་ཀྱི་ཡོད་པ་རེད་འདུག
ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་སྤེལ་བའི་གསལ་བསྒྲགས་དེའི་ནང་། ཨ་རིའི་གསང་བའི་ཁྲིམས་ལུགས་ཀྱི་ནང་དོན་བཞིན་རྒྱ་ནག་གི་དཔོན་རིགས་སུ་དང་སུ་ལ་བཀའ་རྒྱ་དེའི་ཤུགས་རྐྱེན་ཐེབས་ཀྱི་ཡོད་མེད་ཞིབ་ཕྲ་ཕྱིར་བསྒྲགས་བྱ་ཐབས་མེད་ཀྱང་། ཨ་རིའི་གྲོས་ཚོགས་ཀྱི་བཀའ་རྒྱ་དེ་གཏོང་རྒྱུར་རྒྱབ་སྐྱོར་གནང་མཁན་གྱི་འཐུས་མི་རྣམས་པས་དམིགས་བསལ་ཤིན་ཅང་ས་གནས་ཀྱི་དཔོན་རིགས་ཁྲན་ཆོན་གོའོ་དང་། དེ་མིན་གྱི་ཤིན་ཅང་ས་གནས་ཀྱི་དམར་ཤོག་ཚོགས་པའི་དཔོན་རིགས་ཁག་ཅིག་མིང་འདོན་གནང་ཡོད་པ་རེད། རྒྱ་ནག་གཞུང་གིས་ཤིན་ཅང་ནང་དྲག་གནོན་གྱི་སྲིད་བྱུས་ཕྱིར་འཐེན་མ་བྱས་ཚེ་ཨ་རིའི་ཕྱི་སྲིད་ལས་ཁང་གིས་རྒྱ་ནག་གི་དཔོན་རིགས་ཨ་རིའི་ནང་ཡོང་རྒྱུར་མཐོང་མཆན་བཀག་སྡོམ་གྱི་བཀའ་རྒྱ་གཏོང་རྒྱུའི་ཐག་གཅོད་ལ་རྒྱ་ནག་གཞུང་གིས་ཁོང་ཁྲོ་ཆེན་པོས་སྐྱོན་བརྗོད་བྱེད་བཞིན་ཡོད་ཅིང་། རྒྱ་ནག་གཞུང་གིས་ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གྱི་གནས་སྟངས་མེད་ལུགས་དང་། ཤིན་ཅང་ཡུ་གུར་མི་རིགས་སོགས་གྲངས་ཉུང་མི་རིགས་ཐོག་དྲག་གནོན་གྱི་སྲིད་བྱུས་འཛིན་གྱི་མེད་ལུགས་ཀྱི་བཤད་ནས། ཨ་རི་གཞུང་གིས་ཤིན་ཅང་གི་གནད་དོན་ལ་ཁ་གཡར་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་ཀྱི་ཡོད་ལུགས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།
ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་སྤྱི་ཚོགས་དྲ་ལམ་ཁྲུཝེ་ཊར་(twitter)་ཐོག་ཤིན་ཅང་ས་གནས་ནང་འཇིགས་སྐུལ་དྲག་སྤྱོད་པ་དང་། ཆོས་ལུགས་ཐལ་བསྐྱོད་པ་ཚོ་རྩ་མེད་བཟོ་བའི་ཐབས་ལམ་དེ་བཞིན་ཁུལ་དེའི་ནང་འཇིགས་སྐུལ་དྲག་སྤྱོད་པ་གསོ་སྐྱོང་བྱ་རྒྱུའི་རྟེན་གཞི་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད་པ་དང་། དེ་ནི་རྒྱ་ནག་གི་ཁྲིམས་ལུགས་དང་རྒྱལ་སྤྱིའི་སྒྲིག་སྲོལ་དང་མཐུན་གྱི་ཡོད་པ་མ་ཟད། ཤིན་ཅང་མི་མང་ས་ཡ་ཉི་ཤུ་རྩ་ལྔའི་རྒྱབ་སྐྱོར་ཡོད་ལུགས་སོགས་བཀོད་ཡོད་པ་རེད།