རྒྱ་ནག་གིས་ཨ་མི་རི་ཀའི་ཞིང་པའི་ཐོན་སྐྱེད་ཉོ་རྒྱུ་ཇེ་མང་དུ་བཏང་ཡོད་ཟེར།
ཨ་རྒྱ་གཉིས་ཀྱི་བར་ཚོང་དམག་དང་གྲོས་མོལ་འགྲོ་བཞིན་པའི་སྐབས་རྒྱ་ནག་གིས་ཨ་མི་རི་ཀའི་ཞིང་པའི་ཐོན་སྐྱེད་ཉོ་རྒྱུ་ཇེ་མང་དུ་བཏང་ཡོད་པ་བཤད་འདུག
-
2019-08-01 -
-
-
ཨ་རྒྱ་གཉིས་ཀྱི་བར་ཚོང་དམག་དང་གྲོས་མོལ་འགྲོ་བཞིན་པའི་སྐབས་རྒྱ་ནག་གིས་ཨ་མི་རི་ཀའི་ཞིང་པའི་ཐོན་སྐྱེད་ཉོ་རྒྱུ་ཇེ་མང་དུ་བཏང་ཡོད་པ་བཤད་འདུག
རྒྱ་ནག་གིས་ཨ་མི་རི་ཀའི་ཞིང་པའི་ཐོན་སྐྱེད་ཉོ་རྒྱུ་ཇེ་མང་དུ་བཏང་ཡོད་ཞེས་རེས་གཟའ་ཕུར་བུའི་ཉིན་བཤད་འདུག་ལ། ཨ་རིའི་ཞིང་པའི་ཐོན་སྐྱེད་ཉོ་ཚོང་བྱ་རྒྱུའི་གནད་དོན་དེ་ནི་རྒྱ་ནག་དང་། ཨ་རིའི་དབར་ཚོང་དམག་གི་དཀའ་རྙོགས་སེལ་ཐབས་སུ་འབད་བརྩོན་བྱ་རྒྱུའི་གནད་དོན་གཙོ་བོ་ཞིག་ཀྱང་ཡིན་པ་རེད།
ཨ་རིའི་སྲིད་འཛིན་(Donald Trump)་མཆོག་གིས་རྒྱ་ནག་གི་ཚོང་ཟོག་མ་གནས་ཨ་སྒོར་ཐེར་འབུམ་༢༥༠་ཙམ་ལ་སྒོ་ཁྲལ་སྤར་ཆ་གནང་བར་འཁོན་ལན་སློག་ཆེད་ འདི་ལོ་རྒྱ་ནག་གིས་ཨ་རིའི་ཞིང་པའི་ཐོན་སྐྱེད་ནང་འདྲེན་ཉུང་ཤོས་བྱས་ཡོད་པ་རེད། བདུན་ཕྲག་འདིའི་ནང་ཨ་རིའི་སྲིད་འཛིན་(Trump)་མཆོག་གིས། རྒྱ་ནག་གིས་ཨ་རིའི་ཞིང་པའི་ཐོན་སྐྱེད་མང་ཙམ་ཉོ་རྒྱུ་འགོ་འཛུགས་བྱ་དགོས་ཀྱང་ད་བར་འགོ་འཛུགས་བྱས་མེད་ལུགས་གསུངས་ཡོད་པ་རེད།
འོན་ཀྱང་འདི་ཚེས་༡་ཉིན་རྒྱ་ནག་གི་ཚོང་དོན་ལས་ཁང་གི་མགྲིན་ཚབ་པ་ཀའོ་ཕིང་གིས་ཉེ་སྔོན་ཕྱི་ཟླ་བདུན་པའི་ཟླ་དཀྱིལ་དུ་རྒྱ་ནག་གི་ཚོང་ལས་ཁེ་གཉེར་ལས་ཁང་ཁག་གིས། ཨ་རིའི་ཚོང་ཟོག་མཁོ་སྤྲོད་ལས་ཁང་ཁག་ལ་འབྲེལ་བ་བྱ་རྒྱུ་འགོ་འཛུགས་བྱས་ནས། ཨ་རིའི་ཞིང་པའི་ཐོན་སྐྱེད་(Soybean)་འམ་སྲན་དཀར་དང་། ཕག་ཤ མོན་ཆག སྲིན་བལ་སོགས་མང་ཙམ་ཉོ་རྒྱུ་བྱས་ཡོད་པ་རེད་ཞེས་བཤད་འདུག ཁོང་གི་གཏམ་བཤད་དེ་ནི་ཧྲང་ཧེ་གྲོང་ཁྱེར་ནང་ཨ་རིའི་ཚོང་དོན་སྐུ་ཚབ་དང་། རྒྱ་ནག་གི་སྐུ་ཚབ་དབར་སྒོ་ཁྲལ་སྤར་ཆའི་སྐོར་གྲོས་མོལ་གནང་བའི་ཉིན་མ་གཅིག་གི་རྗེས་སུ་བཤད་པ་ཞིག་ཡིན་པ་དང་། རྒྱ་ནག་དང་ཨ་རིའི་ཚོང་དོན་སྐུ་ཚབ་དབར་གདོང་དང་གདོང་ཐུག་ནས་གྲོས་མོལ་གནང་བ་དེ་ནི་ཉེ་སྔོན་ཕྱི་ཟླ་དྲུག་པའི་ནང་། ཨ་རིའི་སྲིད་འཛིན་(Trump)་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕིང་རྣམ་གཉིས་ནས་ཡུལ་གྲུ་གཉིས་ཀྱི་ཚོང་དམག་དེ་བཞིན་གནས་སྐབས་རིང་མཚམས་འཛོགས་བྱ་རྒྱུར་མོས་མཐུན་བྱུང་བའི་རྗེས་སུ། ཡུལ་གྲུ་གཉིས་ཀྱི་ཆེས་མཐོའི་སྐུ་ཚབ་དབར་གྲོས་མོལ་གནང་བ་ཐེངས་དང་པོ་དེ་ཡིན་པ་རེད། ཐེངས་འདིའི་ལྷན་ཚོགས་ཐོག་གཙོ་བོ་དེ་སྔོན་གྲོས་མཐུན་བྱུང་བ་རྣམས་དངོས་སུ་ལག་ལེན་མ་འཁེལ་བའི་རྒྱུ་རྐྱེན་དང་། མ་འོངས་བར་མུ་མཐུད་གྲོས་མོལ་གནང་རྒྱུའི་ལས་འཆར་སྐོར་ཡིན་འདུག་ལ་ཐེངས་འདིའི་རྒྱ་ནག་དང་ཨ་རིའི་ཚོང་དོན་སྐུ་ཚབ་དབར་གྱི་གྲོས་མོལ་དེ་ནི་ཁ་གསལ་གཏིང་གསལ་གྱི་ཐོག་ནས་གྲོས་བསྡུར་དོན་དང་ལྡན་པ་ཞིག་དང་། དགེ་མཚན་ལྡན་པ་ཞིག་བྱུང་ཡོད་ལུགས་རྒྱ་ནག་ཚོང་དོན་བློན་ཆེན་ལས་ཁང་གི་མགྲིན་ཚབ་པ་ཀའོ་ཕིང་གིས་བཤད་འདུག