ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་རྣམ་པ་གཉིས་ཟླ་བ་རྗེས་མ་མཇལ་ཕྲད་གནང་འཆར་ཡོད་འདུག
ཨ་རིའི་སྲིད་འཛིན་ཇོ་བྷ་ཏྲེ་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྣམ་པ་གཉིས་ཟླ་བ་རྗེས་མ་ San Francisco གྲོང་ཁྱེར་དུ་མཇལ་ཕྲད་གནང་རྒྱུ་འཆར་གཞི་ཡོད་པ་རེད།
- 2023-10-28
-
-
-
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝ་དབྱིན་གཟའ་པ་སངས་ཉིན་ཨ་རིའི་སྲིད་འཛིན་དང་ཕྱི་སྲིད་དྲུང་ཆེ།རྒྱལ་སྲུང་སློབ་བསྟོན་པ་བཅས་དང་མཇལ་ཕྲད་རྗེས་སུ་གསར་འགོད་པས་ཤེས་རྟོགས་བྱུང་ཡོད།དེ་ཡང་ཨ་རིའི་ཕོ་བྲང་དཀར་པོའི་གཞུང་འབྲེལ་མི་སྣ་ཞིག་གིས་ཟླ་རྗེས་མ་ཡུལ་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་ཨ་རིའི་San Francisco གྲོང་ཁྱེར་དུ་མཇལ་ཕྲད་ཀྱི་ཆེད་གྲ་སྒྲིག་གནང་བཞིན་ཡོད་པ་བརྗོད་འདུག
ད་དུང་ཁོང་གིས་ང་ཚོས་མཇལ་ཕྲད་ཡོངས་ཐབས་ཀྱི་དམིགས་ཡུལ་གྲུབ་རྒྱུ་ཕྱོགས་སུ་རྒྱ་ནག་དང་མཉམ་ལས་བྱེད་བཞིན་པ་ཡིན་།དེའི་སྐོར་རྒྱ་ནག་གི་དཔོན་རིགས་ཚོས་མཇལ་ཕྲད་ཀྱི་དུས་ཚོད་ཉེར་བ་སླེབས་སྐབས་མང་ཚོགས་ལ་ཕྱི་བསྒྲགས་བྱེད་ཀྱི་ཡོད་རྒྱུ་རེད་ཅེས་བརྗོད་འདུག་།གཟའ་པ་སངས་ཉིན་ཨ་རིའི་སྲིད་འཛིན་ཇོ་བྷ་ཏྲི་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་མཇལ་ཕྲད་སྐབས་སུ་རྒྱ་ནག་དང་ཨ་རིའི་གཉིས་འཕྱར་གྲུ་མཉམ་འདེགས་བྱེད་རྒྱུ་ཁས་ལེན་དང་དེ་བཞིན་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དེ་འགན་འཁུར་ལྡན་པའི་ངང་ནས་ཐག་གཅོད་དགོས་པའི་ཐོག་ད་དུང་ཕྱོགས་གཉིས་ཀྱི་གྲོས་མོལ་བརྒྱུད་ལམ་དེ་ག་དུས་ཡིན་ཡང་སྒོ་ཕྱེད་ནས་བཞག་དགོས་རྒྱུ་གལ་ཆེ་ཡིན་པ་བརྗོད་འདུག
ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་རྣམ་པ་གཉིས་ཕྱི་ཟླ་༡༡པའི་ཚེས་༡༢ནས་༡༨བར་ཨ་རིའི་San Franciscoདུ་འཚོག་རྒྱུ་ཡིན་པའི་ཨེ་ཤེ་ཡ་ཞི་བདེའི་རྒྱ་མཚོ་དཔལ་འབྱོར་མཉམ་འབྲེལ་ལྷན་ཚོགས་ཞེས་པའི་གླིང་སྟེགས་ཐོག་ཕེབས་ཀྱི་ཡོད་པ་ལྟར་དེའི་ཟུར་དུ་མཇལ་ཕྲད་གནང་རྒྱུ་རེ་བ་བཅངས་ཀྱི་འདུག།ཨ་རིའི་སྲིད་འཛིན་གྱིས་ཐུགས་འགན་བཞེས་རྗེས་ཨ་རྒྱ་གཉིས་ཀྱི་ དབུ་ཁྲིད་རྣམ་པ་གཉིས་སྔ་ལོ་Indonesia ཡི་Bali ས་གནས་སུ་ཐེངས་གཅིག་མཇལ་ཕྲད་བྱུང་ཡོད་པ་རེད།ད་ལེན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཨ་རི་ལ་ཡོངས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་ཡོང་ཐབས་ཤིག་ཡིན་པ་རེད།དེ་ཡང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིན་ལགས་ཀྱིས་ཁོང་གིས་ཨ་རིའི་ནང་གཟིགས་སྐོར་དེ་བཞིན་ཨ་རིའི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཉམས་ཆགས་སུ་མ་འགྲོ་བའི་ཐོག།ཡུལ་གཉིས་ཀྱི་ཕྱི་འབྲེལ་དེ་སྲ་བརྟན་དུ་གཏང་ནས་ཡར་རྒྱས་ཀྱི་ཕྱོགས་སུ་ཚུར་ཁྲིད་ཐབས་འབད་བརྩོན་བྱེད་ཀྱི་ཡོད་ཅེས་བརྗོད།
འོན་ཀྱང་ཨ་རིའི་གྲོས་ཚོགས་ནང་འཐུས་མི་འགའ་ཤས་ཀྱིས་དེར་སྐྱོན་བརྗོད་བྱས་འདུག།
ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་སྤྱི་འཐུས་ཚོགས་པའི་དབུ་ཁྲིད་འགའ་ཤས་ཀྱིས་ཨ་རིའི་ཕོ་བྲང་དཀར་པོར་རྒྱ་ནག་གི་འགོ་ཁྲིད་དེ་དག་ལ་བློས་འཁེལ་ཐུབ་པ་ཞིག་མིན་དུས་མགོ་སྐོར་འོག་མ་ཚུད་པ་བྱེད་རྒྱུ་གལ་ཆེ་སྐོར་གནད་བརྗོད་བྱས་འདུག།ཡང་མཇལ་ཕྲད་དེ་དང་འབྲེལ་གཟའ་པ་སངས་ཉིན་ཨ་རིའི་གྲོས་ཚོགས་ནང་རྒྱ་ནག་ཐོག་གི་ལས་དོན་ཚོགས་ཆུང་གིས་ཕྱི་བསྒྲགས་ཤིག་སྤེལ་ནས་ཡུལ་གུ་མི་རིགས་དང་ཧོང་ཀོ་དེ་བཞིན་བོད་པ་ཚོའི་འགྲོ་བ་མིའི་ཐོབ་ཐང་གནད་དོན་དང་རྒྱ་ནག་གི་དྲང་བདེན་མིན་པའི་བཙན་འཇུག་བཀག་ཉར་བྱེད་པའི་ཆབ་སྲིད་བཙོན་པ་ཚོའི་བདེ་སྡུག་དང་འབྲེལ་ཨ་རིའི་གཞུང་གིས་ངེས་པར་དུ་རྒྱ་ནག་གི་དཔོན་རིག་དང་མཇལ་ཕྲད་སྐབས་སུ་གླེང་དགོས་པ་ནད་བརྗོད་བྱས་འདུག།འོན་ཀྱང་ཨ་རིའི་སྲིད་འཛིན་གྱིས་ཝང་དབྱིན་དང་མཇལ་ཕྲད་སྐབས་སུ་གོང་ཞུས་གནད་དོན་དེ་དག་ཐོག་ལ་གླེང་ཡོད་མེད་གསར་འགོད་པས་བཅའ་འདྲི་སྐབས་སུ་ཨ་རིའི་རྒྱལ་སྲུང་སློབ་སྟོན་པའི་མགྲིན་ཚབ་པ་ John Kirby ལགས་ཀྱིས་དེའི་སྐོར་ལན་འདེབས་གསལ་པོ་གང་ཡང་ཞུ་རྒྱུ་མེད་ཅེས་བརྗོད་འདུག།
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།