༢༠༢༢ལོར་རྒྱ་ནག་དུ་ཚུགས་རྒྱུའི་རྒྱལ་སྤྱིའི་དགུན་དུས་ཨོ་ལོམ་པིག་ལུས་རྩལ་འགྲན་ཚོགས་དེ་ཕྱིར་འགྱངས་དང་རྒྱལ་ཁབ་གཞན་ཞིག་ཏུ་གནས་སྤོས་དགོས་པའི་ཞུ་ཡིག་ཕུལ་འདུག
ཨ་རིའི་གྲོས་ཚོགས་གོང་འོག་གི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་བགྲེས་གཞོན་རྣམས་ཀྱིས་རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་མ་མཚམས་པ་བྱས་པར་རྒྱལ་སྤྱིའི་ཨོ་ལོམ་པིག་ཚོགས་ཆུང་གི་ཚོགས་གཙོ་Thomas Bach ལ་གཞུང་འབྲེལ་ཕྱག་བྲིས་ཕུལ་འདུག
- 2021-07-24
-
-
-
Your browser doesn’t support HTML5 audio
ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་བགྲེས་གཞོན་རྣམས་གཉིས་ཀྱིས་ རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་མ་མཚམས་པ་བྱས་བར་ ༢༠༢༢ལོར་རྒྱ་ནག་ཏུ་ཚོགས་རྒྱུའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལོམ་པིག་ལུས་རྩལ་འགྲན་ཚོགས་དེ་ཕྱིར་འགྱངས་བྱེད་དགོས་པ་དང་ཡང་ན་རྒྱ་ནག་ནས་རྒྱལ་ཁབ་གཞན་ཞིག་ཏུ་གནས་སྤོས་བྱེད་དགོས་པའི་སྐོར་རྒྱལ་སྤྱིའི་ཨོ་ལོམ་པིག་ཚོགས་ཆུང་གི་ཚོགས་གཙོ་Thomas Bach ལ་གཞུང་འབྲེལ་ཕྱག་བྲིས་ཕུལ་འདུག
དེ་ཡང་ ཕྱི་ཚེས་༢༣ཉིན་ཆབ་སྲིད་ཚོགས་པ་གཉིས་ཀ་ལས་གྲུབ་པའི་རྒྱ་ནག་ཐོག་གི་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་Jeff Merkley དང་ཚོགས་གཙོ་གཞོན་པ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་James McGovern རྣམས་གཉིས་ཀྱིས་ རྒྱལ་སྤྱིའི་ཨོ་ལོམ་པིག་ཚོགས་ཆུང་གི་ཚོགས་གཙོ་Thomas Bach ལ་ཕུལ་བའི་ཕྱག་བྲིས་ཕྱིར་བསྒྲགས་གནང་བའི་ནང་ མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ལག་སྟར་བྱེད་མཁན་གྱི་རྒྱལ་ཁབ་ཞིག་གི་ནང་རྒྱལ་སྤྱི་ཨོ་ལོམ་པིག་ལུས་རྩལ་འགྲན་ཚོགས་ནམ་ཡང་ཚོགས་རྒྱུའི་འོས་བབ་མེད་པ་གསུངས་འདུག་ལ་ གྲོས་ཚོགས་གོང་འོག་ཀྱི་འཐུས་མི་རྣམས་གཉིས་ཀྱི་ཕྱག་བྲིས་དེར་ གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་Marko Rubio དང་ སྐུ་ཞབས་Christopher Smith རྣམས་གཉིས་ཀྱིས་རྒྱབ་སྐྱོར་མཚན་རྟགས་བཀོད་གནང་འདུག་ གོང་གསལ་གྱི་ཕྱག་བྲིས་དེའི་ནང་ གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ རྒྱལ་སྤྱིའི་ཨོ་ལོམ་པིག་ཚོགས་ཆུང་ནས་ དགུན་དུས་རྒྱལ་སྤྱིའི་ཨོ་ལོམ་པིག་ལུས་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་རྒྱ་ནག་ལ་སྤྲད་དེ་ རྩེད་འགྲན་པ་ཚོ་ལའང་རང་དབང་མེད་པར་འགྲན་རྩོད་ནང་མཉམ་བཞུགས་བྱེད་དུ་བཅུགས་པ་ནི་ བསམ་སྤྱོད་ཀྱི་རང་དབང་ལ་བརྩིས་མེད་གཏོང་བ་དང་ཁྱད་མེད་ཡིན་པར་བརྟེན་ དགུན་དུས་ཀྱི་རྒྱལ་སྤྱིའི་རྩེད་འགྲན་དེ་རྒྱ་ནག་ནས་ཕྱིར་འཐེན་བྱ་རྒྱུ་ནི་རྩེད་འགྲན་པ་ཚོའི་ཁེ་ཕན་ཞིག་ཀྱང་ཡིན་པ་གསལ་འདོན་གནང་བཞག་ གནས་ཚུལ་ནང་གསལ་ལྟར་ ༢༠༡༨ལོར་ཨ་རིའི་གྲོས་ཚོགས་གོང་འོག་གི་རྒྱ་ནག་ལས་དོན་ཚོགས་ཆུང་ནས་ རྒྱ་ནག་དམར་པོའི་གཞུང་གིས་རྒྱ་ནག་གི་དབང་འོག་ཏུ་ཡོད་པའི་ཤར་ཏུར་ཀི་སི་ཐན་ཁུལ་ཡུ་གུར་བ་དང་ Kazakh གཙོ་བོར་གྱུར་བའི་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་ལྷག་བཙན་བཤེད་ཀྱི་དོ་དམ་བཀག་བསྐྱིལ་བྱེད་བཞིན་པའི་གནས་སྟངས་ལ་བརྟེན་ནས་ ས་ཁུལ་དེ་དག་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སླད་ རྒྱལ་སྤྱིའི་ཨོ་ལོམ་པིག་ཚོགས་ཆུང་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག་ འོན་ཀྱང་རྒྱལ་སྤྱིའི་ཨོ་ལོམ་པིག་ཚོགས་ཆུང་ནས་ ཨ་རིའི་གྲོས་ཚོགས་ཀྱི་འབོད་སྐུལ་ལ་ད་ཕན་ཡ་ལན་གང་ཡང་གནང་མེད་པ་མ་ཟད་ ཤར་ཏུར་ཀི་སིན་ཐན་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ད་དུང་ཇེ་སྡུག་ཏུ་ཕྱིན་ཡོད་པར་བརྟེན་ ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ནས་ འདི་ཟླའི་ཚེས་༢༧ཉིན་པེ་ཅིང་དགུན་དུས་ཨོ་ལོམ་པིག་རྩེད་འགྲན་དང་དཔལ་འབྱོར་གྱི་འབྲེལ་བ་ཡོད་པའི་ཨ་རིའི་ཚོང་དོན་ཁེ་གཉེར་ལས་ཁང་ཚོའི་ཐོག་དམིགས་བསལ་ཉན་ཞིབ་སྐོང་ཚོགས་གནང་རྒྱུ་ཡིན་པ་གནས་ཚུལ་ནང་གསལ་འདུག།
གསར་འགོད་པ། ཨོ་རྒྱན་བསྟན་འཛིན། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཨོ་རྒྱན་བསྟན་འཛིན། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོད། ཡེ་ཤེས་བཀྲ་ཤིས།