ཨ་རིའི་གཞུང་ཚབ་ཆེན་མོ་བོད་དུ་འཚམས་གཟིགས་སུ་ཕེབས་པ།
ཨ་རིའི་གཞུང་ཚབ་ཆེ་མོ་ Terry Branstad མཆོག་མཚོ་སྔོན་དང་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཕྱི་ཟླ་༥་པའི་ཚེས་༡༩་ནས་༢༥་བར་གཞུང་འབྲེལ་འཚམས་གཟིགས་གནང་འགོ་ཚུགས་འདུག
-
2019-05-19 -
-
-
ཨ་རིའི་གཞུང་ཚབ་ཆེན་མོ་ Terry Branstad མཆོག་མཚོ་སྔོན་ཞིང་ཆེན་ཟེར་བ་དང་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ཁག་ཅིག་ཏུ་ཕྱི་ཟླ་༥ཚེས་༡༩ནས་༢༥ཉིན་བར་གཞུང་འབྲེལ་འཚམས་གཟིགས་གནང་འགོ་ཚུགས་འདུག་ཅིང་། དེའི་རིང་ས་གནས་ཀྱི་འགོ་ཁྲིད་ཆེ་ཁག་དང་མཇལ་འཕྲད་ཀྱིས་ཨ་རིའི་མི་སེར་ལ་བོད་ནང་ཕར་འགྲོ་ཚུར་འོང་གི་ཐོབ་ཐང་སྤྲོད་དགོས་པའི་སྐུལ་མ་གནང་རྒྱུ་ཡིན་འདུག ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཡིག་ཐོག་བཀའ་ལན་གནང་པར་གཞིགས་ན། ཨ་རིའི་གཞུང་ཚབ་ཆེན་མོ་བོད་ནང་གཟིགས་སྐོར་གནང་རིང་ས་གནས་ཀྱི་འགོ་ཁྲིད་ཆེ་ཁག་ལྷན་དུ་བོད་མིའི་མངོན་འདོད་དང་། བོད་མིའི་ཆོས་དད་དང་རང་དབང་ལ་དམ་བསྒྲགས་ཆེན་པོ་ཡོད་པ། བོད་མིའི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་བཅས་ཀྱི་གནད་དོན་གལ་ཆེའི་ཐོག་བཀའ་མོལ་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་ཞིང་། དེ་ནི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་གོ་སྐབས་བཟང་པོ་ཞིག་ཡིན་པར་ངོས་འཛིན་གནང་བ་དང་སྦྲགས། འདི་ལྟ་བུའི་འཚམས་གཟིགས་ནི། བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ཁོར་ཡུག་བཅས་པའི་གལ་འགངས་ཀྱི་རང་བཞིན་དངོས་སུ་མཁྱེན་རྟོགས་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་གསུངས་འདུག ཨ་རིའི་གཞུང་ཚབ་ཆེན་མོ་Terry Branstad མཆོག་ད་རེས་བོད་ནང་འཚམས་གཟིགས་སུ་ཕེབས་པ་འདི་ནི་ཕྱི་ལོ་ ༢༠༡༨ ལོའི་ཟླ་བ་༡༢ པའི་ནང་ཨ་རིའི་གཞུང་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་ཡིག་གཏན་འབེབས་གནང་བའི་རྗེས་ཨ་རིའི་དཔོན་རིགས་བོད་ནང་ཕེབས་མཁན་མཐོ་ཤོས་དེ་ཆགས་ཡོད། སྐུ་ཞབས་Terry Branstad མཆོག་གི་གོང་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་བོད་དུ་ཕེབས་མཁན་མཐའ་མ་ནི་གཞུང་ཚབ་པ་་སྐུ་ཞབས་མེཀསྀ་སྦོ་ཀསྀ་ Max Baucusམཆོག་ཡིན་ཞིང་། ཁོང་ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༥ ནང་བོད་དུ་ཕེབས་ཡོད་འདུག
དེའི་གོང་ཕྱི་ལོ་༢༠༡༣ལོའི་ཕྱི་ཟླ་དྲུག་པའི་ནང་གཞུང་ཚབ་པ་སྐུ་ཞབས་གྷེ་རི་ལོཀ་ Gary Locke མཆོག་བོད་དུ་ཕེབས་ཡོད་པ་དང་། འཚམས་གཟིགས་དེར་གཞུང་འབྲེལ་གྱི་རྣམ་པ་མངོན་ཆུང་བཟོ་སླད་ཁོང་གི་ནང་མི་ལྷན་ཁྲིད་གནང་ཡོད་པ་རེད། ཡང་ཕྱོགས་གཞན་ཞིག་ནས་གནས་ཚུལ་ཤེས་རྟོགས་བྱུང་དོན་ལྟར་ན། ཨ་མི་རི་ཁའི་གཞུང་ཚབ་ཆེན་མོའི་ལྷན་བོད་དུ་ཕེབས་མཁན་མི་སྣ་གྲངས་སུམ་ཅུ་ཙམ་ཡོད་པ་ནས་མི་སྣ་གསུམ་ལ་ཆོག་མཆན་སྤྲད་མེད་པའི་གནས་ཚུལ་འགྲེལ་བརྗོད་བྱུང་ཡང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་འདི་བདེན་མིན་འབྱུང་ཁུངས་གཞན་ནས་ད་བར་ངེས་བརྟན་བཟོ་ཐུབ་མེད་པ་རེད།
ནོར་བཅོས། གཞུང་ཚབ་པ་ཊེ་རི་སྦརནསྀ་ཊཱཌ་ Terry Branstad གོང་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་པ་བོད་དུ་ཕེབས་མཁན་མཐའ་མ་དེ་གཞུང་ཚབ་པ་སྐུ་ཞབས་ གྷེ་རི་ལོཀ་ Gary Locke ཡིན་པ་སྔོན་དུ་བཀོད་སྤེལ་བྱས་པ་ནོར་ཞིང་། བོད་དུ་ཕེབས་མཁན་མཐའ་མ་དེ་མེཀསྀ་སྦོ་ཀསྀ་ Max Baucusམཆོག་ཡིན་འདུག