རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ནས་རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་ལས་འགུལ་བར་མནར་གཅོད་གཏོང་བཞིན་པར་སེམས་འཚབ།
རྒྱ་ནག་གཞུང་གིས་བོད་ནང་ཁོར་ཡུག་སྲུང་སྐྱོབ་པ་རྣམ་པར་སྡུག་སྦྱོང་དང་དམ་བསྒྲགས་བྱེད་བཞིན་ཡོད་པ་དང་། ལྷག་པར་བོད་ཁམས་སྡེ་དགེ་ནང་རྒྱ་གཞུང་གིས་ཆུ་མཛོད་གསར་རྒྱག་གཙོས་བོད་ཀྱི་ཁོར་ཡུག་གཏོར་བརླག་གཏོང་བཞིན་ཡོད་པའི་གནས་སྟངས་སོགས་ཀྱི་སྐོར་ལ་གླེང་སློང་གནང་འདུག
- 2024-10-19
-
-
-
ཕྱི་ཟླ་༡༠ཚེས་༡༧ཉིན་ཨ་རིའི་གྲོང་ཁྱེར་ NewYork ནང་རྒྱལ་ཚོགས་ཀྱི་རང་དབང་ཅན་གྱི་ཆེད་མཁས་མི་སྣས་ Sustainaible Developments Goals ཞེས་རྒྱལ་སྤྱིའི་ཁྲོད་རྒྱུན་གནས་རང་བཞིན་ལྡན་པའི་ཡར་རྒྱས་ཡོང་ཐབས་སླད་ཟུར་ཚོགས་ཞིག་ཚོགས་ཡོད་པ་དང་། སྐབས་དེར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་གནས་བབ་ཐད་དམིགས་བསལ་སྐུ་ཚབ་ལྕམ་ Mary Lawlor ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་ཁོར་ཡུག་སྲུང་སྐྱོབ་པ་རྣམ་པར་སྡུག་སྦྱོང་དང་དམ་བསྒྲགས་བྱེད་བཞིན་ཡོད་པ་དང་། ལྷག་པར་བོད་ཁམས་སྡེ་དགེ་ནང་རྒྱ་གཞུང་གིས་ཆུ་མཛོད་གསར་རྒྱག་གཙོས་བོད་ཀྱི་ཁོར་ཡུག་གཏོར་བརླག་གཏོང་བཞིན་ཡོད་པའི་གནས་སྟངས་སོགས་ཀྱི་སྐོར་ལ་གླེང་སློང་གནང་འདུག
དེ་བཞིན་ཁོང་གིས་བོད་ནང་ས་གནས་མང་ཚོགས་ཀྱི་རང་དབང་དང་། སྔོན་འགྲོའི་ཆོག་མཆན་མེད་པར་གཏེར་ཁ་སྔོག་འདོན་དང་གློག་ཁང་གི་ལས་གཞི་སོགས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་བཟོ་བའི་རྨང་གཞིའི་འཛུགས་སྐྲུན་ལས་གཞི་ཁག་ལ་ངོ་རྒོལ་བྱེད་མཁན་བོད་མི་ཚོར་དྲག་གནོན་བྱ་བཞིན་པར་སྐྱོན་བརྗོད་གནང་བཞག
ཡང་ཁོང་གི་སྙན་ཐོའི་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་བོད་མི་གཉིས་ཀྱིས་བྷི་རུ་རྫོང་ཁོངས་ཀྱི་རྩ་ཆེའི་ནག་ལྷ་ཛམ་བ་རི་རྩེར་གཏེར་ཁ་སྔོག་འདོན་ལས་གཞི་ཞིག་ལ་ངོ་རྒོལ་བྱས་རྗེས་ཁོང་གཉིས་ལོ་བཅུ་ལྷག་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་གསལ་སྟོན་གནང་བཞག
དེ་བཞིན་འདི་ལོའི་ཟླ་ ༢ ནང་བོད་མི་ ༡༠༠ལྷག་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་ས་གནས་སྲིད་གཞུང་གི་ལས་ཁུངས་ཤིག་ཏུ་ཞི་བའི་ངང་འདུ་འཛོམས་བྱས་ཏེ་གངས་ཏུའུ་ཆུ་ཤུགས་གློག་ཁང་གསར་རྒྱག་གི་ལས་གཞིར་ངོ་རྒོལ་བྱས་ཡོད་པ་དང་། ངོ་རྒོལ་བྱ་དགོས་དོན་ནི་ལས་གཞི་དེས་རྐྱེན་པས་བོད་མི་སྟོང་ཕྲག་མང་པོ་དང་དགོན་པ་དྲུག་ས་གནས་གཞན་དུ་གནས་སྤོ་བྱེད་དགོས་པ་དང་། དེའི་ནང་ནས་ དགོན་པ་གཅིག་ནི་དུས་རབས་བཅུ་གསུམ་པའི་ནང་བཞེངས་པའི་རྩ་ཆེའི་དགོན་པ་ཞིག་ཡིན་པའི་ཆ་ནས་ཡིན་འདུག དེ་བཞིན་ཁུལ་དེར་གནས་སྡོད་བྱ་མཁན་ བོད་མི་ཚོས་ཆུ་ཤུགས་གློག་ཁང་གསར་རྒྱག་གི་ལས་གཞི་དེས་མ་འོངས་ཁུལ་དེར་ཆུ་ལོག་ཐོན་པ་དང་། ཁོར་ཡུག་ལ་གནོད་འཚེ་བཟོ་བའི་བློ་འཚབ་ཡང་བྱེད་ བཞིན་ཡིན་འདུག འོན་ཀྱང་རྒྱ་ནག་གི་ཉེན་རྟོག་པས་ཞི་བའི་ངོ་རྒོལ་བྱ་མཁན་བོད་མི་རྣམས་འཛིན་བཟུང་བྱས་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་དེས་བོད་མི་ཚོས་རང་ཉིད་ཀྱི་ཁོར་ཡུག་དང་རིག་གཞུང་སྲུང་སྐྱོབ་བྱེད་སྐབས་རྒྱ་གཞུང་གིས་སྡུག་སྦྱོང་མནར་གཅོད་གཏོང་ བཞིན་པའི་སྐོར་ལ་འཛམ་གླིང་ཡོངས་ཀྱི་དོ་སྣང་སླེབས་ནས་བོད་མིའི་ཐོབ་ཐང་ལ་སྲུང་སྐྱོབ་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་ཞུས་བཞག
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།