བོད་དང་ཤིན་ཅང་གི་གནས་སྟངས་ནི་བློ་བཟོད་མ་བདེ་བ་ཞིག་རེད།

བོད་དང་ཤིན་ཅང་ནང་གི་དམ་དྲག་གནས་སྟངས་ནི་བློ་བཟོད་མ་བདེ་བ་ཞིག་རེད་ཅེས་རྒྱལ་ཚོགས་ཀྱི་གནད་ཡོད་མི་སྣས་གསུངས་འདུག

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་Zeid Ra'ad Al Hussein་མཆོག ༢༠༡༧།༣།༨ OHCHR

བོད་དང་ཤིན་ཅང་ནང་གི་དམ་དྲག་གནས་སྟངས་ནི་བློ་བཟོད་མ་བདེ་བ་ཞིག་རེད་ཅེས་རྒྱལ་ཚོགས་ཀྱི་གནད་ཡོད་མི་སྣས་གསུངས་འདུག
དེ་ཡང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་Zeid Ra'ad Al Hussein་མཆོག་གིས། སྤྱི་ཟླ་༣་པའི་ཚེས་༨་ཉིན་གྱི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༣༤་པའི་ཚོགས་འདུའི་ཐོག་ལོ་འཁོར་སྙན་ཐོ་འདོན་སྤེལ་དང་གཏམ་བཤད་གནང་སྐབས། བོད་དང་ཤིན་ཅང་ནང་རིག་གཞུང་དང་ཆོས་ལུགས་ཀྱི་ཐོབ་ཐང་ཐོག་ལ་རྒྱ་ནག་གཞུང་གིས་དམ་དྲག་བྱེད་བཞིན་པའི་གནས་སྟངས་ཐད་བློ་བཟོད་མ་བདེ་བ་ཞིག་བྱུང་ཅེས་དང་། ཁོང་གི་ངོས་ནས་རྒྱ་ནག་དང་མཉམ་དུ་གལ་ཆེའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་དོན་ཕན་སོན་པའི་གྲོས་མོལ་འབྱུང་རྒྱུར་མུ་མཐུད་འབྲེལ་བ་གནང་རྒྱུའི་ཞལ་བཞེས་གནང་འདུག
ཁོང་གིས་རྒྱ་ནག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནང་འགོ་ཁྲིད་ཀྱི་ལས་འཁུར་གནང་འདོད་ཀྱི་འདུན་པ་ཡོད་པ་བརྗོད་ཡོད་པ་ལྟར། ད་བར་འདས་པའི་ལོ་བཅུ་ཕྲག་གསུམ་གྱི་ནང་རྒྱ་ནག་མི་མང་ས་ཡ་མང་པོ་དབུལ་ཕོངས་ལས་སྐྱོབ་ཐུབ་པའི་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་ཡོད་ལ། དེ་བཞིན་འཕྲོད་བསྟེན་བལྟ་སྐྱོང་དང་ཤེས་ཡོན།  ལོ་ན་རྒས་པའི་མི་རབས་ཀྱི་བདེ་སྡུག་སྲུང་སྐྱོབ་ལས་དོན་ཐོག་མ་རྩ་ཡང་བཙུགས་ཡོད། ད་དུང་རྒྱ་ནག་གཞུང་གིས་ཁྲིམས་ཀྱི་དབང་བསྒྱུར་ཐོག་ཁས་ལེན་དམ་བཅའ་དང་ལྷག་པར་དུ་དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཀྱི་དམིགས་ཚད་དང་མཉམ་པ་ཞིག་བྱུང་བ་ཡིན་ན་དེ་ནི་དགའ་བསུ་ཞུ་དགོས་པ་ཞིག་རེད། འོན་ཀྱང་ལས་དོན་འཆར་གཞི་དེ་དག་གི་ནང་ངེས་པར་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལས་འགུལ་བ་ཚོར་གུས་བརྩི་དགོས་པ་དེ་ཚུད་དགོས་ངེས་རེད།
རྒྱ་ནག་ནང་ཁྲིམས་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་སྤེལ་མཁན་ཚོས་རྒྱལ་ཁབ་དང་མང་ཚོགས་ཀྱི་བདེ་སྡུག་ཆེད་ཕྱག་ལས་གནང་ཡང་དེ་དག་ལ་རྒྱ་ནག་གཞུང་གིས་སྡིག་ར་དང་། འཇིགས་སྐུལ། བཀག་བསྐྱིལ་བྱེད་པ་སོགས་ནི་ཡིད་མུག་སྐྱེ་བྱེད་ཞིག་རེད་ཅེས་གསུངས་འདུག།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org