རྒྱ་ནག་གིས་ཚད་ལས་བརྒལ་བའི་མནར་གཅོད་གཏོང་བཞིན་པ།

རྒྱ་ནག་གི་བཙོན་ཁང་ཁག་ཏུ་བཙོན་པ་ཚོར་ཚད་ལས་བརྒལ་བའི་མནར་གཅོད་གཏོང་བཞིན་པ་ཞིབ་འཇུག་སྙན་ཐོ་ནང་འཁོད་འདུག

བཙོན་འོག་ནས་མནར་གཅོད་བཏང་རྐྱེན་སྐུ་གྲོངས་བའི་སྒོ་ཤུལ་བློ་བཟང་ལགས་ཀྱི་ཉེ་བའི་པར། ༢༠༡༤ བོད་འབྱོར། ཀླུ་འབུམ།

རྒྱ་ནག་གི་བཙོན་ཁང་ཁག་ཏུ་བཙོན་པ་ཚོར་ཚད་ལས་བརྒལ་བའི་མནར་གཅོད་གཏོང་བཞིན་པ་ཞིབ་འཇུག་སྙན་ཐོ་ནང་འཁོད་འདུག
དེ་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཉེ་ཆར་ཞིབ་འཇུག་སྙན་ཐོ་ཞིག་བཏོན་གནང་བའི་ནང་། རྒྱ་ནག་གི་བཙོན་ཁང་ཁག་ཏུ་བཙོན་པ་ཚོར་དུས་ཡུན་རིང་པོར་ལག་ལྕགས་དང་། རྐང་ལྕགས་རྒྱབ་པ། གཉིད་ཉལ་དུ་མི་འཇུག་པ། བཟའ་བཏུང་མི་སྤྲོད་པ། འཕྲོད་བསྟེན་ལ་བརྟག་དཔྱད་སྨན་བཅོས་མི་བྱེད་པ་བཅས་ཀྱི་གནས་སྟངས་འོག བཙན་ཤེད་ཀྱིས་འདྲི་གཅོད་དང་མནར་གཅོད་གཏོང་གི་ཡོད་པ་བཀོད་འདུག
ཕྱི་ལོ་༢༠༡༠ནས་བཟུང་རྒྱ་ནག་གཞུང་གིས་ཉེས་དོན་བཅའ་ཁྲིམས་ལ་བསྒྱུར་བཅོས་བཏང་སྟེ། རྒྱལ་ནང་གི་བཙོན་པ་ཚོའི་ལུས་སེམས་གཉིས་གར་གནོད་འཚེ་ཚབས་ཆེན་ཐེབས་ཀྱི་ཡོད་པར་དོགས་གཞི་བྱེད་ཀྱི་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་༥ནང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་ཞིག་བཏོན་པའི་ནང་དུའང་གོང་མཚུངས་ཀྱི་ངོས་འཛིན་བྱུང་ཡོད་པ་རེད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་གཉིས་ཀྱི་ཞིབ་འཇུག་སྙན་ཐོའི་ནང་། རྒྱ་གཞུང་གིས་སྔར་བཞིན་རྒྱལ་ནང་གི་བཙོན་པ་ཚོར་ཁྲིམས་མེད་ལུགས་མེད་དང་། མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་སྟངས་ལག་བསྟར་བྱེད་ཀྱི་ཡོད་སྐོར་འཁོད་འདུག ལྷག་པར་དུ་ཆབ་སྲིད་བཙོན་པ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་བཙོན་ཁང་ནང་བསམ་ཡུལ་ལས་འདས་པའི་མནར་གཅོད་དྲག་པོ་བཏང་བའི་དབང་གིས་འདི་ལོ་ཕྱི་ཟླ་བདུན་པའི་ཚེས་༡༢་ཉིན་རིན་པོ་ཆེ་མཆོག་བཙོན་དུ་སྐུ་གཤེགས་ཡོད་པ་རེད།
དེ་དང་དེ་འདྲ་བ་རྒྱ་ནག་གཞུང་གི་བཙོན་ཁང་ནང་ཡོད་པའི་ཆབ་སྲིད་བཙོན་པ་ཚོར་ཡུན་རིང་ལག་ལྕགས་དང་། རྐང་ལྕགས་རྒྱབ་ནས་བཞག་པ་མ་ཟད། གཉིད་ཉལ་དུ་མི་འཇུག་པ། བཟའ་བཏུང་མི་སྤྲོད་པ། འཕྲོད་བསྟེན་ལ་བརྟག་དཔྱད་སྨན་བཅོས་མི་བྱེད་པ་བཅས་ཀྱི་ཐོག་བཙན་ཤེད་ཀྱིས་འདྲི་གཅོད་དང་མནར་གཅོད་བཏང་ཚད་མེད་བཏང་གི་ཡོད་པ་སོགས་ཀྱི་གནས་ཚུལ་བཀོད་འདུག

གསར་འགོད་པ་དབྱངས་སྒྲོལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org