ཧོང་ཀོང་གི་དཔལ་འབྱོར་ལྟེ་གནས་བཙན་བཟུང་ཞེས་བའི་ལས་འགུལ།
ཧོང་ཀོང་ནང་ཉེན་རྟོག་པས་ཞི་བའི་ངོ་རྒོལ་བ་ཚོའི་ཐོག་མཆི་ཤོར་དུག་རྫས་གཏོར་མིན་ལ་མ་བལྟོས་བར་མུ་མཐུད་ངོ་རྒོལ་བྱེད་བཞིན་ཡོད་འདུག
-
2014-09-29 -
-
-
ཧོང་ཀོང་ནང་ཉེན་རྟོག་པས་ཞི་བའི་ངོ་རྒོལ་བ་ཚོའི་ཐོག་མཆི་ཤོར་དུག་རྫས་གཏོར་མིན་ལ་མ་བལྟོས་བར་མུ་མཐུད་ངོ་རྒོལ་བྱེད་བཞིན་ཡོད་འདུག
དེ་ཡང་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ཉིས་སྟོང་བཅུ་བདུན་ལོར་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་ཀྱི་སྤྱི་ཁྱབ་དཔོན་རིགས་ཐད་ཀར་འོས་འདེམས་བྱ་རྒྱུའི་དགོས་འདུན་ཁས་ལེན་མ་བྱས་པའི་རྗེས་ཧོང་ཀོང་མི་མང་ཚོས་ངོ་རྒོལ་གྱི་ལས་འགུལ་རིམ་པ་སྤེལ་ཡོད་པ་མ་ཟད། ཕྱི་ཚེས་༢༧ཉིན་ནས་བཟུང་ཧོང་ཀོང་གི་དཔལ་འབྱོར་ལྟེ་གནས་བཙན་བཟུང་ཞེས་བའི་ཞི་བའི་རྔམ་སྟོན་གྱི་ལས་འགུལ་སྤེལ་ནས་གཟའ་ཉི་མའི་ཉིན་ནས་ཉེན རྟོག་པས་ཞི་བའི་ངོ་རྒོལ་རྔམ་སྟོན་བ་ཚོའི་ཐོག་མཆི་ཤོར་དུག་རླངས་སོགས་གཏོར་ནས་ངོ་རྒོལ་བ་ཚོ་ཁ་གཏོར་གཏོང་རྩིས་བྱས་ཡོད་ཀྱང་ངོ་རྒོལ་བ་ཚོས་ཉི་གདུགས་ཀྱིས་དུག་རླངས་འགོག་ཐབས་བྱས་ནས་མུ་མཐུད་ཏེ་ཞི་བའི་ངོ་རྒོལ་བྱེད་བཞིན་པ་མ་ཟད། ངོ་རྒོལ་རྔམ་སྟོན་ནང་ཞུགས་མཁན་ཡང་ཇེ་མང་དུ་ཕྱིན་ནས་གཟའ་ཟླ་བའི་ཉིན་ཧོང་ཀོང་གི་ལམ་ཆེན་ཁག་མང་པོ་ཞིག་ངོ་རྒོལ་རྔམ་སྟོན་པ་ཚོས་བཀག་ནས་དཔལ་འབྱོར་ལྟེ་གནས་ཡོངས་སུ་དམ་བཟུང་བྱས་ཡོད་ཅིང་། དཔལ་འབྱོར་ལྟེ་གནས་བཙན་བཟུང་ཞེས་བའི་ལས་འགུལ་གོ་བསྒྲིགས་གནང་མཁན་གྲས་གྲན་ཅན་མིང་གིས་གཟའ་ཟླ་བའི་ཉིན་གསར་འགྱུར་བརྒྱུད་ལམ་གྱི་དྲི་བར་ལན་འདེབས་བྱེད་པའི་སྐབས་ད་ཆ་ངོ་རྒོལ་གྱི་ལས་འགུལ་དེ་དཔལ་འབྱོར་ལྟེ་གནས་བཙན་བཟུང་ལས་འགུལ་སྤེལ་མཁན་གྱིས་སྟངས་འཛིན་ཐུབ་ཡས་མེད་པ་ཞིག་ཆགས་ཟིན་པ་དང་། ད་ཆ་ཧོང་ཀོང་ནང་གི་ཞི་བའི་རྔམ་སྟོན་ངོ་རྒོལ་དེ་བཞིན་ཧོང་ཀོང་མི་མང་གིས་རང་མོས་ཀྱི་ངོ་རྒོལ་རྔམ་སྟོན་ཞིག་ཏུ་གྱུར་ཡོད་པར་བརྟེན་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་སྤྱི་ཁྱབ་ལེང་ཀྲན་དབྱིང་ལས་གནས་ནས་ཕྱིར་བཤོལ་བྱེད་དགོས་པ་མ་ཟད། ཧོང་ཀོང་དམིགས་བསལ་སྲིད་འཛིན་གཞུང་གིས་མི་མང་གི་འབོད་སྒྲར་ངེས་པར་དུ་སེམས་ཁུར་བྱས་ནས་ཧོང་ཀོང་གི་ཆབ་སྲིད་ལམ་ལུགས་བསྒྱུར་བཅོས་ཀྱི་གནད་དོན་ཐོག་གྲོས་མོལ་གྱི་སྡིངས་ཆ་ཞིག་མ་སྐྲུན་བར་དུ་ངོ་རྒོལ་རྔམ་སྟོན་ནང་ཞུགས་མཁན་ཚོས་རང་འགུལ་གྱིས་ཕྱིར་འཐེན་བྱ་ཐབས་བྲལ་བའི་སྐོར་འགྲེལ་བརྗོད་གནང་ཡོད་འདུག
གསར་འགོད་པ་འཆི་མེད།