དབུ་མའི་ལམ་གོ་རྟོགས་ཀྱི་ལས་འགུལ།
བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་ལ་དྭགས་བོད་ཁྱིམ་སློབ་གྲྭར་གོ་རྟོགས་ཀྱི་ལས་འགུལ་ཞིག་སྤེལ་འགོ་བཙུགས་པ།
-
2016-10-02 -
-
-
བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་ལ་དྭགས་བོད་ཁྱིམ་སློབ་གྲྭར་དབུ་མའི་ལམ་གོ་རྟོགས་ཀྱི་ལས་འགུལ་ཞིག་སྤེལ་འགོ་བཙུགས་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་གནས་ཚུལ་བཀོད་སྤེལ་གནང་ཡོད་འདུག
དེ་ཡང་ལ་དྭགས་བོད་ཁྱིམ་སློབ་གྲྭའི་ནང་དབུ་མའི་ལམ་གོ་རྟོགས་ཀྱི་ལས་འགུལ་དེ་ཕྱི་ཟླ་དགུ་པའི་ཚེས་ ༢༩། ༣༠ དང་ཕྱི་ཟླ་བཅུ་པའི་ཚེས་ ༢ དང་ ༣ བཅས་ཉིན་བཞི་རིང་སྤེལ་གནང་གི་ཡོད་འདུག ད་ཐེངས་ལ་དྭགས་བོད་ཁྱིམ་སློབ་གྲྭར་དབུ་མའི་ལམ་གོ་རྟོགས་ཀྱི་ལས་འཆར་དེར་སློབ་གྲྭ་དེའི་འཛིན་རིམས་བཅུ་པའི་སློབ་ཕྲུག་གྲངས་ ༥༠ མཉམ་ཞུགས་གནང་ཡོད་པ་དང་ལས་འཆར་དབུ་འབྱེད་ཀྱི་མཛད་སྒོར་སློབ་གྲྭའི་སློབ་སྤྱི་ལྷུན་གྲུབ་རྣམ་རྒྱལ་ལགས་ཆེད་བཅར་གནང་བ་དང་ཁོང་གིས་དབུ་འབྱེད་ཀྱི་གསུང་བཤད་ཀྱང་གནང་ཡོད་འདུག ད་ཐེངས་ཀྱི་ལ་དྭགས་བོད་ཁྱིམ་སློབ་གྲྭའི་ནང་དབུ་མའི་ལམ་གྱི་ལས་འཆར་དེ་སྤེལ་རྒྱུའི་དམིགས་ཡུལ་ནི་སློབ་ཕྲུག་རྣམས་ཀྱིས་དབུ་མའི་ལམ་གྱི་གནད་དོན་ཁག་མཁྱེན་རྟོགས་བཟོ་ཆེད་གནང་བ་ཞིག་ཡིན་འདུག ཡང་ད་ཐེངས་ཀྱི་དབུ་མའི་ལམ་གོ་རྟོགས་ཀྱི་གཟབ་སྦྱོང་འདི་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་དང་བསྟན་འཛིན་བྱམས་ཆེན་ལགས་དང་བསྟན་འཛིན་སྒྲོལ་མ་ལགས་བཅས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་པའི་གནས་ཚུལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་བཀོད་ཡོད་འདུག།