ཨ་རིས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་གྱི་གྲོས་འཆར།

ཨ་མི་རི་ཀའི་སྲིད་འཛིན་གྱིས་ཐའེ་ལྦན་ལ་མ་གནས་ཐེར་འབུམ་༤་ལྷག་གི་གོ་མཚོན་ཚོང་བསྒྱུར་གནང་རྒྱུའི་གྲོས་འཆར་བཏོན་གནང་ཡོད་པ་རེད་

༄༅༎ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ཨ་མི་རི་ཀས་ཐའེ་ལྦན་ལ་དམག་གི་གནམ་གྲུ་ཐོན་གསར་(F16)-བཅུ་དྲུག་རྟགས་ཅན་ཚོང་བསྒྱུར་བྱ་རྒྱུ་མིན་པའི་ཐག་གཅོད་གནང་ཡོད་པ་ཡིན་ནའང་ཐའེ་ལྦན་ལ་མ་གནས་ཐེར་འབུམ་༤་ལྷག་གི་གོ་མཚོན་ཚོང་བསྒྱུར་གནང་རྒྱུའི་གྲོས་འཆར་བཏོན་གནང་ཡོད་པ་རེད་
དེ་ཡང་ལྦ་ཤིང་ཀྲོན་དུས་བབ་ཅེས་པའི་གསར་འགྱུར་བརྒྱུད་ལམ་ནས་དེ་རིང་རེས་གཟའ་པ་སངས་ཉིན་གནས་ཚུལ་སྤེལ་བར་གཞིགས་ན་  ཨ་མི་རི་ཀའི་གཞུང་གིས་གོང་ཞུས་སྲིད་འཛིན་ཨོ་སྦ་མ་མཆོག་གིས་བཏོན་གནང་བའི་གྲོས་འཆར་དེ་དེ་རིང་རེས་གཟའ་པ་སངས་ཕྱི་དྲོ་གྲོས་ཚོགས་ནང་སྙན་སེང་ཞུས་གནང་རྒྱུ་ཡིན་ལུགས་བཀོད་འདུག ཡིན་ནའི་གོང་ཞུས་གསར་འགྱུར་བརྒྱུད་ལམ་ནས་སྤེལ་བའི་གནས་ཚུལ་དེའི་ཐོག་སྲིད་འཛིན་ལས་ཁང་ནས་དམིགས་བསལ་འགྲེལ་བརྗོད་གང་ཡང་གནང་མེད་པ་རེད་ལ་དེ་ག་ནང་བཞིན་ཐའེ་ལྦན་གཞུང་གི་ངོས་ནས་ཀྱང་དེའི་ཐོག་སྐབས་འཕྲལ་གྱི་ལན་འདེབས་གང་ཡང་གནང་མེད་པ་རེད་ ཡང་ཨ་མི་རི་ཀའི་སྲིད་འཛིན་ལས་ཁང་ནས་ཐའེ་ལྦན་གྱིས་རེ་འདུན་བཏོན་གནང་བའི་དམག་གི་གནམ་གྲུ་ཐོན་གསར་F-16 རྟགས་ཅན་གྲངས་༦༦ཙམ་ཨ་རི་ནས་ཉོ་སྒྲུབ་བྱ་རྒྱུའི་འདུན་པ་དེའི་ཐོག་ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་དངོས་སུ་ཐག་གཅོད་གནང་རྒྱུ་ཡིན་ལུགས་གསུངས་ཡོད་པ་རེད་ སྤྱི་ལོ་༢༠༠༦ལོ་ནས་བཟུང་ཐའེ་ལྦན་སྲུང་སྐྱོབ་ཆེད་གནམ་དམག་གནམ་གྲུ་ཐོན་གསར་F-16རྟགས་ཅན་གྲངས་༦༦་ཚོང་བསྒྱུར་ཡོང་བའི་རེ་འདུན་བཏོན་གནང་བ་དེ་མ་གནས་ཨ་རིའི་ཌོ་ལར་ཐེར་འབུམ་༨་ལྷག་བྱེད་ཀྱི་ཡོད་པ་རེད་ འོན་ཀྱང་ཐོན་གསར་གནམ་དམག་གནམ་གྲུ་ཐའེ་ལྦན་ནང་ཚོང་བསྒྱུར་བྱེད་རྒྱུར་རྒྱ་ནག་གཞུང་གིས་སྔ་ཕྱི་དབར་གསུམ་དུ་ངོ་རྒོལ་བྱེད་བཞིན་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org