ཨ་རིས་ཐེ་དབན་ལ་ཐད་འཕུར་གནམ་གྲུ་ཚོང་འགྲེམས་བྱ་འཆར།
ཨ་མི་རི་ཀས་ཐེ་དབན་ལ་ཛ་དྲག་གི་དོན་རྐྱེན་སྐབས་ཉེན་སྐྱོབ་རུ་ཁག་སྐྱེལ་འདྲེན་བྱ་རྒྱུའི་ཆེད་དུ་དམག་གི་ཐད་འཕུར་གནམ་གྲུ་ཚོང་འགྲེམས་བྱ་རྒྱུ།
-
2009-12-12 -
-
-
༄༅༎ཨ་མི་རི་ཀས་ཐེ་དབན་ལ་དམག་དོན་གྱི་དགོས་མཁོ་དང་ཛ་དྲག་གི་དོན་རྐྱེན་སྐབས་ཉེན་སྐྱོབ་རུ་ཁག་སྐྱེལ་འདྲེན་བྱ་རྒྱུའི་ཆེད་དུ་དམག་གི་ཐད་འཕུར་གནམ་གྲུ་ཚོང་འགྲེམས་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།
དེ་རིང་རེས་གཟའ་སྤེན་པའི་ཉིན་ཐེ་དབན་གྱི་རྒྱལ་ས་ཐའེ་ཕེ་ནས་འདོན་སྤེལ་བྱེད་པའི་རྒྱ་ནག་གསར་ཤོག་ཅེས་པའི་ཐོག་ལ། འདི་ལོའི་ཕྱི་ཟླ་བརྒྱད་པའི་ནང་ཐེ་དབན་ནང་དུ་ཆུ་ལོག་དང་ས་རུད་ཀྱི་རང་འབྱུང་གྱི་གནོད་འཚེ་ཚབས་ཆེ་བྱུང་བའི་སྐབས་གནོད་འཚེ་ཕོག་ཡུལ་དུ་ལུས་པའི་མི་དམངས་ཉེན་སྐྱོབ་བྱེད་མཁན་གྱི་ཐད་འཕུར་གནམ་གྲུ་ཆགས་སྐྱོན་བྱུང་བའི་རྗེས་ཨ་མི་རི་ཀའི་ཕྱོགས་ནས་མ་འོངས་པར་ཐེ་དབན་ནང་དེ་ལྟ་བུའི་རང་འབྱུང་གནོད་འཚེ་ཛ་དྲག་བྱུང་བའི་སྐབས་ཉེན་སྐྱོབ་ཀྱི་ལས་དོན་ཚགས་ཚུད་ཡོང་རྒྱུ་དང། གནམ་གྲུ་ཆགས་སྐྱོན་གྱི་དོན་རྐྱེན་སྔོན་འགོག་བྱ་རྒྱུར་དམིགས་ཏེ་ཐེ་དབན་ལ་ཐད་འཕུར་གནམ་གྲུ་ཚོང་འགྲེམས་བྱ་རྒྱུའི་ཐག་གཅོད་གནང་ཡོད་ལུགས་དང། དེ་ཡང་རིང་མིན་འཆར་ལ་ཉེ་བའི་ཡེ་ཤུའི་དུས་ཆེན་གོང་དུ་ཚོང་འགྲེམས་ཡོང་བའི་ཐུགས་རེ་གནང་གི་ཡོད་པའི་གནས་ཚུལ་ལུང་འདྲེན་བྱས་ཡོད་པ་རེད།
ཡིན་ནའང་རྒྱ་ནག་ཕྱོགས་ནས་ཕྱིའི་རྒྱལ་ཁབ་གང་ཞིག་གིས་ཐེ་དབན་ལ་གོ་མཚོན་ཚོང་འགྲེམས་བྱ་རྒྱུ་ངོ་རྒོལ་བྱེད་པ་མ་ཟད། དམིགས་བསལ་ཨ་མི་རི་ཀས་ཐེ་དབན་ལ་གོ་མཚོན་གང་རུང་ཚོང་འགྲེམས་བྱ་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་དང་འགོག་རྐྱེན་བཟོ་ཐབས་བྱེད་ཀྱི་ཡོད་ཅིང། ཡིན་ནའང་ཨ་མི་རི་ཀས་ཆབ་སྲིད་ཀྱི་ཐོག་ནས་ཐེ་དབན་རྒྱ་ནག་གཅིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང། ཐེ་དབན་གྱི་དམངས་གཙོ་དང་རང་དབང་གལ་འགངས་ཆེན་པོ་ཡིན་པ་ངོས་འཛིན་གནང་སྟེ་དེ་དག་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་གནང་བ་བཞིན་ཐེ་དབན་རང་སྲུང་ཆེད་དུ་མཁོ་བའི་གོ་མཚོན་མུ་མཐུད་མཁོ་སྤྲོད་གནང་རྒྱུའི་སྲིད་ཇུས་ལ་འགྱུར་བ་མེད་པ་རེད།