ཨ་རིའི་སྐུ་ཚབ་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས།

ཨ་མི་རི་ཀའི་བོད་དོན་ཐད་ཀྱི་དམིགས་བསལ་འབྲེལ་འཐུད་སྐུ་ཚབ་རྒྱ་གར་ལྷོ་ཕྱོགས་སྤེལ་ཀོབ་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས།

༄༅༎ཨ་མི་རི་ཀའི་བོད་དོན་ཐད་ཀྱི་དམིགས་བསལ་འབྲེལ་འཐུད་སྐུ་ཚབ་ལྕམ་མ་རི་ཡ་ཨོ་ཏེ་རོ་ཕྱི་ཟླ་༢པའི་ཚེས་༨ནས་བཟུང་རྒྱ་གར་ལྷོ་ཕྱོགས་སྤེལ་ཀོབ་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་གནང་རྒྱུ་ཡིན་པ་དང་ འདི་ནི་ཁོང་གི་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བོད་མིའི་གཞིས་ཆགས་ཤིག་ཏུ་ཆེད་ཕེབས་གནང་པ་ཐོག་མ་དེ་ཡིན་ལ་ ཁོང་བཞུགས་སྒར་རྡ་རམ་ས་ལར་ཕྱི་ལོ་༢༠༠༩ལོར་ཆེད་ཕེབས་གནང་ཡོད་པ་རེད།

ཁ་ས་ཕྱི་ཟླ་༢པའི་ཚེས་༧ཉིན་ཨ་མེ་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་གསལ་བསྒྲགས་ཞིག་སྤེལ་ཡོད་པ་དེའི་ནང་ ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མང་གཙོ་དང་གོ་ལའི་ལས་དོན་ཐད་ཀྱི་རྒན་དྲུང་མ་རི་ཡ་ཨོ་ཏེ་རོ་ཕྱི་ཟླ་༢པའི་ཚེས་༨ནས་༡༡བར་རྒྱ་གར་དང་འབྲུག་ བལ་ཡུལ་བཅས་སུ་འཚམས་གཟིགས་གནང་རྒྱུ་ཡིན་པ་བཀོད་ཡོད་པ་དང་ རྒྱ་གར་གྱི་འཚམས་གཟིགས་འདིའི་སྐབས་རྒྱ་གར་གྱི་དཔོན་རིགས་ཚོ་དང་ལྷན་དུ་གོ་ལའི་གནད་དོན་སྤྱི་དང་ དེ་བཞིན་བོད་མི་སྐྱབས་བཅོལ་བའི་གནད་དོན་དང་རྒྱ་གར་ནང་གི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྒྲིག་འཛུགས་ཁག་གི་ནུས་པ་གོང་འཕེལ་གཏོང་ཐབས་སོགས་ཀྱི་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་འདུག

རྒྱ་གར་གྱི་འཚམས་གཟིགས་གྲུབ་མཚམས་འབྲུག་ཡུལ་དུ་ཕྱི་ཚེས་༡༡་དང་༡༢རིང་ཆེད་ཕེབས་ཀྱིས་འབྲུག་ཡུལ་ནས་ཕྱིར་འབུད་བྱས་པའི་བལ་པོའི་སྐྱབས་བཅོལ་བའི་གནད་དོན་སོགས་ཀྱི་ཐད་བཀའ་བསྡུར་གནང་རྒྱུ་ཡིན་འདུག་ལ་ ལྕམ་ཨོ་ཏེ་རོ་མཆོག་ནི་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མའི་འཛིན་སྐྱོང་ལས་བྱེད་པ་འབྲུག་ཡུལ་དུ་ཕེབས་མཁན་མཐོ་ཤོས་དེ་ཆགས་སྟབས་ འབྲུག་གི་སྲིད་བློན་འཇིགས་མེད་འཕྲིན་ལས་ལ་སོགས་པ་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག

དེ་རྗེས་ཕྱི་ཟླ་༢པའི་ཚེས་༡༢ནས་༡༤བར་བལ་ཡུལ་དུ་ཆེད་ཕེབས་ཀྱིས་སྐབས་དེར་བལ་ཡུལ་ནང་ཚུགས་རྒྱུའི་གོད་ཆགས་ཀྱི་གནས་ཚུལ་ཚབས་ཆེ་འགོག་ཐབས་ཞེས་པའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་འདུའི་ཐོག་གསུངས་བཤད་གནང་རྒྱུ་ཡིན་འདུག་ལ་ དེ་བཞིན་བལ་ཡུལ་གཞུང་གི་དཔོན་རིགས་མཐོ་གྲས་དང་མཇལ་འཕྲད་ཀྱིས་བོད་མི་སྐྱབས་བཅོལ་བའི་གནད་དོན་སྐོར་ཡང་བཀའ་བསྡུར་གནང་རྒྱུ་ཡིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org