ཨ་རིའི་འབྲེལ་ཡོད་སྐུ་ཚབ་ཅིག་བྱང་ཀུ་རུ་ཡར་འཚམས་འདྲི།

ཨ་མི་རི་ཀའི་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ཕྱག་ལས་གནང་མཁན་སྐུ་ཚབ་ཅིག་བྱང་ཀོ་རི་ཡར་གསང་བའི་ཐོག་ནས་འཚམས་འདྲིར་ཕེབས་ཐོན།

༄༅༎ཨ་མི་རི་ཀའི་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ཕྱག་ལས་གནང་མཁན་སྐུ་ཚབ་སྐུ་ཞབས་རོའོ་སྦཏ་ཀིང་(Robert King)དེ་རིང་རེས་གཟའ་མིག་དམར་ཉིན་བྱང་ཀོ་རི་ཡར་གསང་བའི་ཐོག་ནས་འཚམས་འདྲིར་ཕེབས་ཐོན་གནང་ཡོད་པའི་སྐོར་དེ་རིང་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།

ཨ་མི་རི་ཀའི་ཕྱོགས་ནས་བྱང་ཀོ་རི་ཡར་ཟ་བཅའི་རོགས་རམ་བསྐྱར་གསོ་གནང་རྒྱུའི་དགོངས་བཞེས་གནང་གི་ཡོད་མེད་གང་གི་ཆ་ནས་རུང༌། ཡང་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་མཚམས་འཇོག་ཡོང་ཐབས་གནང་མཁན་ཨ་རི་དང་རྒྱ་ནག ར་ཤི་ཡ། ཉི་ཧོང༌། ལྷོ་བྱང་ཀོ་རི་ཡ་རྒྱལ་ཁབ་དྲུག་གི་གྲོས་མོལ་བསྐྱར་གསོ་ཡོང་མིན་ཐུགས་རེ་གནང་གི་ཡོད་མེད་ལ་མི་ལྟོས་པར་ དེ་སྔོན་༢༠༠༩ ལོའི་ཕྱི་ཟླ་༡༢ པའི་ནང་ཨ་རིའི་བྱང་ཀོ་རི་ཡའི་དམིགས་བསལ་སྐུ་ཚབ་སྐུ་ཞབས་སི་ཀྲི་ཕེན་སྦོ་སི་ལྦོཐ་(Stephen Bosworth)བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་པའི་རྗེས། ད་རེས་སྐུ་ཞབས་རོའོ་སྦཏ་ཀིང་བྱང་ཀོ་རི་ཡའི་འཚམས་འདྲི་དེ་ནི། འདས་པའི་ལོ་གཅིག་དང་ཕྱེད་ཀའི་ནང་ཨ་རིའི་སྐུ་ཚབ་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་པ་ཐོག་མར་ཡིན་ཞིང༌། སྐུ་ཞབས་རོའོ་སྦཏ་ཀིང་ཡིས་ཚོགས་མི་ལྔ་ལས་གྲུབ་པའི་སྐུ་ཚབ་རུ་ཁག་གི་སྣེ་ཁྲིད་དེ་ཕེབས་ཡོད་པ་དང༌། ཐེངས་འདེའི་འཚམས་འདྲི་དེ་ནི། བྱང་ཀོ་རི་ཡའི་ཕྱོགས་ནས་ཨ་མི་རི་ཀར་ཟ་བཅའི་རོགས་རོམ་བསྐྱར་གསོ་གནང་སྐྱོང་ཡོང་བའི་རེ་འདུན་བྱས་པ་བཞིན་བསྐྱར་གསོ་གནང་དགོས་མིན་ཐོག་ལ་ཞིབ་འཇུག་གནང་རྒྱུ་ཡིན་པ་རེད། ད་རེས་བྱང་ཀོ་རི་ཡའི་གཞུང་འབྲེལ་གྱི་བརྙན་འཕྲིན་ཐོག་ལ། ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་སྐོར་ལ་གསལ་བསྒྲགས་ཐུང་ངུ་ཞིག་བྱས་ཡོད་པ་ནི། སྐུ་ཞབས་རོའོ་སྦཏ་ཀིང་བྱང་ཀོ་རི་ཡ་དང་ཨ་མི་རི་ཀའི་ཕན་ཚུན་དབར་ལ་མི་ཆོས་རིང་ལུགས་ཀྱི་གནད་དོན་ཐོག་ལ་རྟོགས་ཞིབ་གནང་བར་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་ཡོད་པ་རེད་ཅེས་རྒྱང་བསྲིང་བྱས་ཡོད་པ་རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་འདི་ལོའི་སྙན་ཐོའི་ནང་དབུལ་ཞིང་ཕོངས་པའི་བྱང་ཀོ་རི་ཡའི་རྒྱལ་ཁབ་དེའི་མི་དམངས་ས་ཡ་དྲུག་ལྷག་ལ་ཛ་དྲག་གི་ཟ་འབྲུའི་རོགས་སྐྱོར་དགོས་ཀྱི་ཡོད་པའི་གནས་ཚུལ་གསུང་པའི་རྗེས། ཨ་རིའི་ཟ་འབྲུའི་རོགས་རམ་གྱི་ལས་དོན་བསྐྱར་གསོ་བྱ་དགོས་རྒྱུའི་གནོན་ཤུགས་སླེབས་ཡོད་པ་དང། འོན་ཀྱང་ཨ་རིའི་ཕྱོགས་ནས་ད་རེས་སྐུ་ཞབས་ཀིང་ཡི་འཚམས་འདྲི་དེ་ནི་འཕྲལ་དུ་ཟ་འབྲུའི་རོགས་རམ་སླར་གསོ་བྱ་རྒྱུའི་རྣམ་པ་མཚོན་གྱི་མེད་པ་གསུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org