ཆོས་དད་རང་མོས་ཀྱི་སྙན་ཐོར་རྒྱ་ནག་གི་མི་འདོད་པའི་རྣམ་འགྱུར།
ཨ་རིའི་གཞུང་གིས་ཕྱི་ལོ་ཉིས་སྟོང་དགུ་ལོའི་རྒྱལ་སྤྱིའི་ཐོག་ཆོས་དད་རང་མོས་ཀྱི་སྙན་ཐོར་རྒྱ་ནག་གཞུང་གིས་མི་འདོད་པའི་རྣམ་པ་བསྟན་ཡོད་པ།
-
2009-10-28 -
-
-
༄༅༎ཨ་མི་རི་ཀའི་གཞུང་གིས་ཕྱི་ལོ་ཉིས་སྟོང་དགུ་ལོའི་རྒྱལ་སྤྱིའི་ཐོག་ཆོས་དད་རང་མོས་ཀྱི་སྙན་ཐོར་རྒྱ་ནག་གཞུང་གིས་མི་འདོད་པའི་རྣམ་པ་བསྟན་ཡོད་པ་རེད།
བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་གཞུང་གིས་ཕྱི་ལོ་ཉིས་སྟོང་དགུ་ལོའི་རྒྱལ་སྤྱིའི་ཐོག་གི་ཆོས་དད་རང་མོས་ཀྱི་སྙན་ཐོའི་ནང་རྒྱ་ནག་གི་ཆོས་དད་རང་མོས་ཀྱི་གནས་སྟངས་ཐད་ཐུགས་འཚབ་ཡོད་ལུགས་ཀྱི་གནས་ཚུལ་འཁོད་ཡོད་པ་དེའི་ཐད་དེ་རིང་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་མཱ་ཀྲའོ་ཤུ་ཡིས་རྒྱ་ནག་ནང་གི་དངོས་ཡོད་གནས་ལུགས་མི་ཤེས་པའི་ཐོག་རྒྱ་ནག་ནང་ཁུལ་གྱི་གནད་དོན་ལ་ཐེ་ཇུས་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་པ་དང་སྦྲགས་མཱ་ཡིས་མུ་མཐུད་བརྗོད་པར་རྒྱ་ནག་ནང་གྲངས་ཉུང་མི་རིགས་ཚོར་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་སྲུང་སྐྱོབ་འོག་ཆོས་དད་རང་མོས་ལོངས་སུ་སྤྱོད་ཡོད་པ་རེད་ཅེས་བརྗོད་པ་མ་ཟད་ད་དུང་མཱ་ཡིས་ཨ་མི་རི་ཀའི་གཞུང་གིས་བྱ་སྤྱོད་དེ་དག་མཚམས་འཇོག་བྱས་ནས་ཡུལ་གྲུ་གཉིས་དབར་བཟང་ཕྱོགས་ཀྱི་བྱ་བའི་ལས་དོན་སྤེལ་དགས་ཀྱི་ཡོད་ལུགས་འབོད་སྐུལ་ཡང་བྱས་ཡོད་པ་རེད། ཨ་མི་རི་ཀའི་ཕྱི་སྲིད་ལས་ཁང་གིས་ལོ་ལྟར་འཛམ་གླིང་ཡུལ་གྲུ་ཁག་ནང་ཆོས་དད་རང་མོས་ཀྱི་གནས་བབ་ཐོག་ཞིབ་འཇུག་གིས་ཆོས་དད་རང་མོས་ཀྱི་གནས་སྟངས་ཞན་པའི་རྒྱལ་ཁབ་ཁག་ནང་ཆོས་དད་རང་མོས་ཡར་རྒྱས་གཏོང་ཐབས་ཆེད་གྲོས་མོལ་དང་ཡང་ན་དཔལ་འབྱོར་གྱི་ཉེས་ཆད་བཏང་བ་སོགས་ཀྱི་སྲིད་ཇུས་ལག་བསྟར་གནང་གི་ཡོད་པ་རེད། ད་རེས་ཨ་མི་རི་ཀའི་གཞུང་གིས་ཕྱི་ལོ་ཉིས་སྟོང་དགུ་ལོའི་རྒྱལ་སྤྱིའི་ཐོག་གི་ཆོས་དད་རང་མོས་ཀྱི་སྙན་ཐོའི་ནང་ཆོས་དད་རང་མོས་ཀྱི་ཐད་བརྩི་མེད་རྡོག་རོལ་གཏོང་མཁན་གྱི་བློ་འཚབ་ཅན་གྱི་རྒྱལ་ཁབ་ཁག་བཅུ་གསུམ་ཟུར་བཏོན་གནང་ཡོད་པའི་ནང་ནས་གཙོ་བོ་འབར་མ་དང་ཨི་རན་ ཨི་རག བྱང་ཀོ་རི་ཡ་ སོ་རྡི་ཨེ་རེ་སྦི་ཡ་ སུ་ཌའན་ ཨུ་ཛི་སྦེ་ཀི་སི་ཏན་དང་རྒྱ་ནག་སོགས་ཡུལ་ལུང་ནང་ངེས་པར་དུ་དགོས་ངེས་ཀྱིས་ལག་བསྟར་བྱེད་དགོས་པའི་ཡུལ་གྲུ་ཞིག་ཡིན་ལུགས་བརྗོད་ཡོད་པ་རེད།