ཨ་རིས་ཐའེ་ལྦན་ལ་གནམ་གྲུ་ཚོང་འབྲེལ་ཕྱིར་བསྡུ།
ཨ་མི་རི་ཀས་རྒྱ་ནག་གི་གནོན་ཤུགས་འོག་ཐའེ་ལྦན་ལ་དེང་དུས་ཀྱི་མཁའ་དམག་གི་གནམ་གྲུའི་ཚོང་འབྲེལ་ཕྱིར་བསྡུ་བྱས་ཡོད་འདུག
-
2011-08-15 -
-
-
༄༅༎ཨ་མི་རི་ཀས་རྒྱ་ནག་གི་གནོན་ཤུགས་འོག་ཐའེ་ལྦན་ལ་དེང་དུས་ཀྱི་མཁའ་དམག་གི་གནམ་གྲུའི་ཚོང་འབྲེལ་ཕྱིར་བསྡུ་བྱས་ཡོད་འདུག
རྒྱལ་ས་ཐེ་པེ་ནས་རོའི་ཀྲར་སེ་གསར་ལས་ཁང་གིས་སྲུང་སྐྱོབ་ཀྱི་སྙན་ཐོའི་གནས་ཚུལ་ལུང་འདྲེན་གྱིས་གནས་ཚུལ་སྤེལ་དོན་ལྟར་ན། ཐའེ་ལྦན་གྱིས་སྔ་ས་ནས་རྒྱ་ནག་གི་དྲག་པའི་སྟོབས་ཤུགས་ལ་ཁ་གཏད་གཅོག་པའི་ཆེད་དུ་ཨ་རིའི་མཁའ་དམག་གི་གནམ་གྲུ་ཨེཕ་༡༦་(F-16)རྟགས་ཅན་༦༦ཉོ་རྒྱུའི་འདུན་པ་བཏོན་ཡོད་ཀྱང་ད་ཆ་ཨ་མི་རི་ཀས་རྒྱ་ནག་གི་གནོན་ཤུགས་འོག་ཚོང་འབྲེལ་དེ་དགོངས་བཞེས་གནང་གི་མེད་པ་རེད། ཨ་མི་རི་ཀ་དང་ཐའེ་ལྦན་གཉིས་ཀས་གཞུང་འབྲེལ་གསལ་བསྒྲགས་གང་ཡང་གནང་མེད་ཀྱང་རེས་གཟའ་ཉི་མའི་ཉིན་སྲུང་སྐྱོབ་གནས་ཚུལ་ ཌི་ཕེན་སི་ནིའུསེ་ཞེས་པའི་དྲྭ་རྒྱའི་ངོས་སུ་ཚོང་འབྲེལ་དེ་ཕྱིར་བསྡུ་བྱས་ཡོད་སྐོར་ཐའེ་ལྦན་ལ་་བརྡ་ལན་འབྱོར་ཡོད་ལུགས་ཐའེ་ལྦན་གྱི་སྲུང་སྐྱོབ་ལས་ཁུངས་ནས་ཤེས་རྟོགས་བྱུང་ཡོད་ལུགས་འགྲེལ་བརྗོད་བྱས་འདུག། ཨ་མི་རི་ཀས་ཐག་ཆོད་དེ་འདྲ་གནང་བར་ང་ཚོས་ཧ་ཅང་བློ་ཕམ་བྱུང་ཞེས་མིང་འདོན་མེད་པའི་ཐའེ་ལྦན་གྱི་སྲུང་སྐྱོབ་དཔོན་རིགས་ཤིག་གིས་གསུངས་ཡོད་འདུག། བདུན་ཕྲག་གཅིག་གོང་ཨ་རིའི་སྲུང་སྐྱོབ་ལས་ཁུངས་ཀྱི་སྐུ་ཚབ་ཚོགས་པ་ཞིག་ཐའེ་ལྦན་ནང་བསྐྱོད་ནས་གོང་ཞུས་མཁའ་དམག་གི་གནམ་གྲུ་གསར་པའི་ཚབ་ཏུ་ལོ་ཤས་གོང་གི་གནམ་གྲུ་དེ་རིགས་མཁོ་སྤྲོད་བྱ་རྒྱུའི་ཁས་ལེན་གནང་ཡོད་འདུག ཨ་མི་རི་ཀ་དང་ཐའེ་ལྦན་དབར་གོ་མཚོན་ལག་ཆའི་ཚོང་འབྲེལ་ཇི་འདྲ་ཞིག་ཡིན་རུང་རྒྱ་ནག་གིས་རྙོག་དྲ་བསླང་རྐྱང་ཡིན་པ་མ་ཟད་ཉིན་ཤས་ནང་ཨ་རིའི་སྲིད་འཛིན་གཞོན་པ་ཇོ་སེཕ་སྦའེ་ཌེན་མཆོག་རྒྱ་ནག་ལ་འཚམས་འདྲིའི་གཟིགས་སྐོར་ལ་ཕེབས་རན་པའི་སྐབས་འདིར་ཨ་མི་རི་ཀས་རྒྱ་ནག་ལ་བསྟུན་མཁས་གནང་བ་ཞིག་ལ་ངོས་འཛིན་མ་བྱེད་རང་བྱེད་རེད༎