ཨ་མེ་རི་ཀས་མཐུན་ཕྱོགས་ཡུལ་གྲུར་རྒྱབ་སྐྱོར་ནན་བརྗོད།

དཀྱིལ་ཤར་ཡུལ་གྲུའི་ནང་གི་ཨ་རིའི་མཐུན་ཕྱོགས་ཡུལ་གྲུ་ཁག་ལ་སྲུང་སྐྱོབ་ཀྱི་གནད་དོན་ཐད་ཨ་མེ་རི་ཀའི་ལངས་ཕྱོགས་ལ་འགྱུར་བ་མེད་སྐོར།

༄༅༎ད་ཆ་ཨི་ཇིབཏ་གྱི་སྲིད་འཛིན་མུ་སྦ་རཀ་སྲིད་འཛིན་ལས་འཁུར་ནས་དགོངས་ཞུ་གནང་རྗེས་བར་སྐལ་གྱི་སྲིད་དབང་ཡུལ་དེའི་དམག་མིས་བཟུང་བཞིན་ཡོད་པ་དང་གནས་སྟངས་འདིའི་འོག་དཀྱིལ་ཤར་ཡུལ་གྲུའི་ནང་གི་ཨ་མེ་རི་ཀའི་མཐུན་ཕྱོགས་ཡུལ་གྲུ་ཇོར་ཌེན་དང་ཨི་སི་རཨེལ་བཅས་ཀྱི་སྲུང་སྐྱོབ་ཀྱི་གནད་དོན་ཐད་ཨ་མེ་རི་ཀའི་ལངས་ཕྱོགས་ལ་འགྱུར་བ་མེད་པ་གསལ་སྟོན་བྱེད་ཆེད་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་ཨ་མེ་རི་ཀའི་སྤྱི་ཁྱབ་དམག་སྤྱི་མའེཀ་མིའུ་ལེན་གཟའ་སྤེན་པའི་ཉིན་ཁུལ་དེར་ཆེད་གཏོང་གནང་འདུག

དམག་སྤྱི་མིའུ་ལེན་ཐོག་མར་ཇོར་ཌེན་གྱི་རྒྱལ་ས་ཨ་མཱན་དུ་ཕེབས་སྟེ་གཟའ་ཉི་མའི་ཉིན་ཇོར་ཌེན་གྱི་རྒྱལ་པོ་ཨབ་རྡུ་ལ་གཙོས་ཆེས་མཐོའི་དཔོན་རིགས་ཚོ་དང་མཇལ་འཕྲད་གྲོས་མོལ་གནང་རྒྱུ་ཡིན་འདུག ཇོར་ཌེན་གྱི་ནང་ལ་ཡང་མང་ཚོགས་ཀྱིས་ཡུལ་དེའི་སྲིད་བློན་དགོངས་ཞུ་དགོས་པའི་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་ཞིག་བྱས་ཡོད་ཀྱང་ད་ཆ་མི་དམངས་ཀྱི་ལས་འགུལ་དེའི་ནུས་པ་ཉམས་བཞིན་ཡོད་པ་རེད།

དེ་རྗེས་ཨ་མེ་རི་ཀའི་སྤྱི་ཁྱབ་དམག་སྤྱི་ཨི་སི་རཨེལ་གྱི་རྒྱལ་ས་ཀྲེ་ལ་ལྦིལྦ་དུ་ཆེད་ཕེབས་ཀྱིས་ཨི་སི་རཨེལ་གྱི་སྤྱི་ཁྱབ་དམག་སྤྱི་ལས་ཐོག་པ་ག་སྦི་ཨཤ་ཀེ་ན་ཛི་རྒས་ཡོལ་དུ་ཕེབས་རྒྱུའི་གཞུང་འབྲེལ་མཛད་སྒོར་ཆེད་བཅར་ཞུས་པ་དང་དུས་མཚུངས་ཡུལ་དེའི་སྲིད་བློན་སྦེན་ཇ་མིན་ནེ་ཏེན་ཡ་ཧུ་དང་སྲིད་འཛིན་ཤི་མོན་པེ་རེཛ་སོགས་དང་མཇལ་འཕྲད་གནང་རྒྱུ་ཡིན་ཞིང་ འོན་ཀྱང་ཨ་རིའི་དམག་སྤྱི་ཨི་ཇིབཏ་དུ་ཕེབས་རྒྱུའི་འཆར་གཞི་གང་ཡང་མེད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org