༸གོང་ས་མཆོག་དང་ཨ་རི་བོད་དོན་འབྲེལ་མཐུད་པ་མཇལ་འཕྲད།
ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་བོད་རྒྱའི་དཀའ་རྙོག་ཞི་བའི་ཐབས་ལམ་ཐོག་ནས་སེལ་ཐབས་ལ་རྒྱབ་སྐྱོར་ཁས་ལེན།
-
2010-10-19 -
-
-
༄༅༎ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་མ་རི་ཡ་ཨོ་ཀྲེ་རོ་ཡིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་ཏེ། བོད་རྒྱའི་དཀའ་རྙོག་ཞི་བའི་ཐབས་ལམ་ཐོག་ནས་སེལ་ཐབས་ལ་རྒྱབ་སྐྱོར་ཞུ་རྒྱུའི་ཁས་ལེན་གནང་ཡོད་པའི་སྐོར་དེ་རིང་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བཞག
བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ཨ་མི་རི་ཀ་དང་ཁེ་ན་ཌའི་ནང་ཉིན་གྲངས་དགུའི་རིང་གི་མཛད་འཕྲིན་བསྐྱང་བཞིན་པ་ལྟར་ རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་མངའ་སྡེ་ཇོར་ཇི་ཡའི་གྲོང་ཁྱེར་ཨེཏ་ལེན་ཀྲ་དུ་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་བཞེས་མཁན་ལྕམ་མ་རི་ཡ་ཨོ་ཀྲེ་རོ་ཡིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་ཡོད་པ་དང༌། ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་ནས། ད་རེས་༧གོང་ས་མཆོག་དང་ལྕམ་མ་རི་ཡ་ཨོ་ཀྲེ་རོ་ཡི་མཇལ་འཕྲད་དེ་ནི། ཕྱོགས་གཉིས་པོའི་དོ་སྣང་གནང་པའི་གནད་དོན་ཐོག་སྐུ་སྒེར་གྱི་གྲོས་མོལ་ཞིག་ཡིན་པ་དང༌། བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པའི་ཨ་མི་རི་ཀའི་ལངས་ཕྱོགས་བསྐྱར་ཟློས་བྱས་ཏེ། ང་ཚོས་བོད་ནི་རང་བཙན་བྱེད་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་མེད་ཀྱང་ང་ཚོས་ཕྱོགས་གཉིས་དབར་མི་མཐུན་པའི་དཀའ་རྙོག་རྣམས་སེལ་ཐབས་ལ་རྒྱ་ནག་གཞུང་དང་༧གོང་ས་ཏྰ་ལའི་བླ་མ་མཆོག་གི་སྐུ་ཚབ་བར་གྲོས་མོལ་གནང་རྒྱུར་མཐའ་ཅིག་ཏུ་རྒྱབ་སྐྱོར་ཞུ་གི་ཡོད་ཅེས་གསུང་ཡོད་པ་རེད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་དང་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་རྣམ་གཉིས་འདི་ལོའི་ཕྱི་ཟླ་གཉིས་པའི་ནང་ཨ་རིའི་ཕོ་བྲང་དཀར་པའི་ནང་མཇལ་འཕྲད་གནང་བ་ནས་བཟུང་ད་རེས་ཨ་རིའི་དཔོན་རིགས་དང་༧གོང་ས་མཆོག་གི་མཇལ་འཕྲད་ཐེངས་དང་པོ་ཡིན་ཞིང༌། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་གསུང་ན། ༧གོང་ས་མཆོག་གིས་ལྕམ་མ་རི་ཡ་ཨོ་ཀྲེ་རོ་ལ། དབུ་མའི་ལམ་གྱི་ཐབས་ལམ་གྱི་ཐོག་ནས་རྒྱ་ནག་གི་ཁྲིམས་ལུགས་འོག་ཏུ་མཉམ་སྡོད་བྱས་ཏེ་བོད་མིའི་རང་དབང་རྩོད་ལེན་གནང་རྒྱུའི་དགོངས་གཞི་བསྐྱར་དུ་གསལ་སྟོན་གནང་བ་དང༌། ལྕམ་ཨོ་ཀྲེ་རོ་ཡིས། སྲིད་འཛིན་ཨོ་སྦ་མ་ཡི་གཞུང་གིས་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་དགོངས་གཞིར་རྒྱབ་སྐྱོར་གནང་གི་ཡོད་པའི་སྐོར་བསྐྱར་དུ་གསུང་པ་དེར་༧གོང་ས་མཆོག་ཐུགས་དགྱེས་ཚོར་ཆེན་པོ་གནང་གི་འདུག་ཅེས་གསུང་ཡོད་པ་རེད།