ཨ་རི་དང་ལྷོ་ཀོ་རི་ཡ་དབར་མཚོ་དམག་སྦྱོང་བརྡར་འགོ་བཙུགས་པ།

དེ་རིང་རེས་གཟའ་ཉི་མའི་ཉིན་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་མཚོ་དམག་གི་ཟུང་འབྲེལ་དམག་རྩལ་སྦྱོང་བརྡར་འགོ་བཙུགས་བྱས་འདུག

༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་མཚོ་དམག་གི་ཟུང་འབྲེལ་དམག་རྩལ་སྦྱོང་བརྡར་འགོ་བཙུགས་ཏེ། ཡུལ་གྲུ་གཉིས་ཀྱི་མཚོ་དམག་གི་ནུས་སྟོབས་མངོན་པར་བྱས་ཡོད་ཀྱང༌། ཉེ་ཆར་བྱང་ཀོ་རི་ཡས་རྒོལ་རྡུང་གཏོང་ཡུལ་ལྷོ་ཀོ་རི་ཡའི་གླིང་ཕྲན་ནང་དུ་གནས་སྡོད་མི་དམངས་རྣམས་བྱང་ཀོ་རི་ཡས་བསྐྱར་དུ་རྒོལ་རྡུང་གཏོང་ཡོང་བསམ་པའི་འཇིགས་སྣང་འོག་གནས་བཞིན་ཡོད་པ་རེད།

རྒྱལ་ཁབ་གཉིས་བཟུང་འབྲེལ་གྱི་དམག་རྩལ་སྦྱོང་བརྡར་དེའི་ནང་ཨ་མི་རི་ཀའི་ནུས་ཤུགས་ཆེ་བའི་མེ་ཤུགས་འཕུར་མདེལ་གཙོས་པའི་མཚོ་དམག་གི་ནུས་སྟོབས་མངོན་པར་བྱེད་པའི་སྦྱོང་བརྡར་བྱས་པ་དེ་ནི། བྱང་ཀོ་རི་ཡར་བརྡ་ལན་སྤྲད་པ་ཞིག་ཡིན་པ་དང༌། ཡིན་ནའང་སྦྱོང་བརྡར་དེར་བྱང་ཀོ་རི་ཡའི་མཛའ་གྲོགས་རྒྱ་ནག་ཕྱོགས་ནས་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད། ལྷོ་ཀོ་རི་ཡའི་གཞུང་གིས། བྱང་ཀོ་རི་ཡའི་ཕྱོགས་ནས་ལྷོ་ཀོ་རི་ཡའི་ཐོག་ལ་བསྐྱར་དུ་རྒོལ་རྡུང་གཏོང་སྲིད་པའི་སྔོིན་དཔག་བྱེད་ཀྱི་ཡོད་པ་བཞིན་ལྷོ་ཀོ་རི་ཡའི་སྲུང་སྐྱོབ་བློན་ཆེན་གྱིས་ཨ་རི་དང་ལྷོ་ཀོ་རི་ཡའི་དམག་རྩལ་སྦྱོང་བརྡར་གྱི་གནས་ཚུལ་མཁོ་གྲུབ་བྱེད་དུ་སླེབས་པའི་གསར་འགོད་པ་རྣམས་ལ་ལྷོ་ཀོ་རི་ཡའི་གླིང་ཕྲན་ནས་འཕྲལ་དུ་ཐོན་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་པ་དང༌། ལྷོ་ཀོ་རི་ཡའི་སྲིད་འཛིན་སྐུ་ཞབས་ལི་མཆོག་ལ་ཁོང་ཚོའི་མི་དམངས་ཀྱི་ཁྲོད་ནས་ཟླ་བ་བརྒྱད་ཀྱི་ནང་ལ་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡའི་ཐོག་ལ་དམག་དོན་གྱི་ཉེན་ཁ་ཐེངས་གཉིས་བཟོས་པའི་གནས་ཚུལ་བྱུང་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་ལས་ཁུངས་ནས་གསུངས་ན། ལྷོ་ཀོ་རི་ཡའི་སྲིད་འཛིན་ལི་མཆོག་གིས། རྒྱ་ནག་གི་འགོ་ཁྲིད་ཏའེ་ཕིང་གུའོ་དང་མཇལ་འཛོམས་སྐབས། རྒྱ་ནག་གི་ཕྱོགས་ནས་ལྷོ་བྱང་ཀོ་རི་ཡའི་འབྲེལ་ལམ་གྱི་ཐོག་ལ་འགན་འཁུར་ཆེ་ཙམ་དང་དྲང་བདེན་གྱི་ལངས་ཕྱོགས་འཛིན་དགོས་པའི་འབོད་སྐུལ་གནང་ཡོད་པའི་སྐོར་དང༌། ད་དུང་སྲིད་འཛིན་མཆོག་གིས་གལ་ཏེ་བྱང་ཀོ་རི་ཡའི་ཕྱོགས་ནས་བསྐྱར་དུ་དཀྲོག་རྐྱེན་ལངས་པ་ཡིན་ན་དེར་ནུས་པ་ཐོན་པའི་རྒོལ་ལན་སློག་རྒྱུ་ཡིན་ཞེས་གསུང་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད། ཕྱི་ཟླ་༡༡པའི་ཚེས་༢༣ཉིན་ལྷོ་ཀོ་རི་ཡའི་གླིང་ཕྲན་ཐོག་བྱང་ཀོ་རི་ཡས་རྒོལ་རྡུང་བཏང་སྟེ་དམག་མི་གཉིས་དང་ཞི་བའི་མི་སེར་གཉིས་རྐྱེན་ལམ་ཕྱིན་པའི་དོན་རྐྱེན་དེ་ནི་ཕྱི་ལོ་༡༩༥༠ནས་༥༣བར་ཀོ་རི་ཡ་རྒྱལ་ནང་དམག་འཁྲུགས་མཇུག་སྒྲིལ་བའི་རྗེས་ཞི་བའི་མི་སེར་གནས་སྡོད་བྱེད་ཡུལ་དུ་དྲག་པོའི་རྒོལ་རྡུང་བཏང་བ་ཐེངས་དང་པོ་ཡིན་པ་དང༌། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱང་ཀོ་རི་ཡའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་ཀྱང་ད་ལྟ་བར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་མེད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org