རྒྱ་ལིའུ་ཤའོ་ཕུའུ་ཡི་བཙོན་འཇུག་ཁྲིམས་ཐག་སྲུང་སྐྱོབ་བྱས་པ།
རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་གྲགས་ཅན་སྐུ་ཞབས་ལིའུ་ཤའོ་ཕུའུ་ཡི་བཙོན་འཇུག་ཁྲིམས་ཐག་སྲུང་སྐྱོབ་བྱས་པར་སྐྱོན་བརྗོད།
-
2010-02-11 -
-
-
༄༅༎རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་གྲགས་ཅན་སྐུ་ཞབས་ལིའུ་ཤའོ་ཕུའུ་ལ་ཁྲིམས་ཁང་འོག་མས་ལོ་ངོ་བཅུ་གཅིག་རིང་བཙོན་འཇུག་ཁྲིམས་ཐག་བཅད་པར་ཁྲིམས་ཁང་གོང་མར་ཞུ་གཏུགས་བྱས་ཀྱང་ཁྲིམས་ཁང་འོག་མས་ཁྲིམས་ཐག་ལ་སྲུང་སྐྱོབ་བྱས་ཏེ་ཉེས་ཡང་བཏང་མེད་པར་ཨ་རི་དང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་སྐྱོན་བརྗོད་གནང་འདུག
རྒྱ་ནག་པེ་ཅིང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅད་ཁྲ་བཏང་བའི་ནང་དེ་སྔོན་ཁྲིམས་ཁང་འོག་མ་ནས་སྐུ་ཞབས་ལིའུ་ཤའོ་ཕུའུ་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཆེད་རྒྱུད་སྐུལ་བྱས་པའི་ཉེས་འཛུགས་འོག་ལོ་ངོ་བཅུ་གཅིག་རིང་བཙོན་འཇུག་ཁྲིམས་ཐག་བཅད་པར་ཁྲིམས་ཁང་གོང་མ་ནས་བཙོན་འཇུག་ལོ་དུས་ཆ་ཡང་གཏོང་རྒྱུ་མིན་ལ་བཅད་ཁྲ་ལྡོག་ཕྱོགས་ཀྱང་གཏོང་གི་མེད་ལུགས་འགྲེལ་བརྗོད་བྱས་འདུག
ཆེས་མཐོའི་ཁྲིམས་ཁང་གིས་བཅད་ཁྲ་སྒྲོག་སྦྱང་བྱས་རྗེས་སྐུ་ཞབས་ལིའུ་ཤའོ་ཕུའུ་ལ་གཏམ་བཤད་བྱ་རྒྱུའི་གོ་སྐབས་སྤྲད་མེད་ཅིང་འོན་ཀྱང་ཁོང་གིས་ང་ལ་ནག་ཉེས་གང་ཡང་མེད་ཅེས་སྐད་འབོད་གནང་འདུག སྐུ་ཞབས་ལིའུ་ཤའོ་ཕུའུ་ཡི་སྐུ་ཟླ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཉན་ཞིབ་ལ་ཕེབས་ཡོད་ཅིང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་ཇི་གཏོང་ང་ཚོས་ཤེས་རྟོགས་ཐུབ་ཀྱི་འདུག་ཅེས་ཁོང་གིས་གསུངས་གནང་འདུག
རྒྱ་ནག་གུང་གྲན་ཏང་གི་སྲིད་དབང་གཅིག་སྡུད་ལམ་ལུགས་འོག་ཡོད་པའི་ཁྲིམས་ཁང་གིས་རྒྱ་ནག་གུང་ཁྲན་ཏང་དང་སྲིད་དོན་ལྟ་སྤྱོད་མི་མཐུན་པའི་མི་སྣ་གྲགས་ཅན་ཞིག་གི་གོང་ཞུར་ཆ་ཡང་གཏོང་མི་སྲིད་པ་ཡིན་པ་དང་། ཨ་རི་དང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་བཅས་ཀྱིས་ཁྲིམས་ཁང་གི་བཅད་ཁྲ་དེར་སྐྱོན་བརྗོད་གནང་འདུག སྐུ་ཞབས་ལིའུ་ཤའོ་ཕུའུ་ལ་བཙོན་འཇུག་ཉེས་ཆད་གཏོང་དགོས་དོན་མེད་ལུགས་ཨ་རི་གཞུང་གི་རྒྱ་ནག་རྒྱལ་ས་པེ་ཅིང་དུ་རྟེན་གཞི་བྱས་པའི་གཞུང་ཚབ་ཁང་གི་མི་སྣ་ཨོ་སྦི་རི་ཁའལ་སེན་གྱིས་གསུངས་གནང་འདུག