རྡུལ་ཕྲན་གོ་མཚོན་མེད་པ་བཟོ་བའི་ཛ་དྲག་གི་འབོད་སྐུལ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་འཛམ་གླིང་ནང༌རྡུལ་ཕྲན་གོ་མཚོན་མེད་པ་བཟོ་ཐབས་ཀྱི་ལས་དོན་ཡར་རྒྱས་གཏོང་དགོས་སྐུལ་མ།

༄༅༎རེས་གཟའ་ཟླ་བའི་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སྦན་ཀི་མུན་ཡིས་འཛམ་གླིང་ནང་རྡུལ་ཕྲན་གོ་མཚོན་ཚོད་ལྟ་བྱ་རྒྱུ་མེད་པ་དང༌། རྡུལ་ཕྲན་གོ་མཚོན་མེད་པ་བཟོ་ཐབས་ཀྱི་ལས་དོན་ཡར་རྒྱས་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་པ་རེད།

དེ་ཡང་རྡུལ་ཕྲན་གོ་མཚོན་ཚོད་ལྟའི་ལས་དོན་བཀག་འགོག་གི་ཆིངས་ཡིག་ཐོག་འཛམ་གླིང་གི་རྒྱལ་ཁབ་ཁག་༡༨༢ ཡིས་ཁས་ལེན་གྱི་ས་རྟགས་བཀོད་བཞིན་ཡོད་པ་དང༌། དེའི་ནང་ནས་ཆིངས་ཡིག་དེ་དངོས་སུ་གཏན་འཁེལ་བཟོ་མཁན་དང་ངོས་ལེན་བྱེད་མཁན་རྒྱལ་ཁབ་༡༥༤ ཡིན་ཞིང༌། དེ་འཕྲོས་ཀྱི་རྒྱལ་ཁབ་༤༤ ཡིས་ངོས་ལེན་མི་བྱེད་མཁན་དེ་དག་ནི། རྡུལ་ཕྲན་གོ་མཚོན་ལྡན་པའི་རྒྱལ་ཁབ་ཤ་སྟག་ཡིན་པར་བརྟེན་ངེས་པར་དུ་ངོས་ལེན་གཏན་འཁེལ་ཡོང་ཐབས་དང༌། ཆིངས་ཡིག་གི་འབྲུ་དོན་དངོས་སུ་ལག་ལེན་བསྟར་དུ་འཇུག་རྒྱུར་ཤུགས་སྣོན་རྒྱག་དགོས་པ་འབོད་སྐུལ་གནང་ཡོད་པ་རེད། འོན་ཀྱང་ཁོང་གིས་ ཆིངས་ཡིག་དེའི་ནང་མཉམ་ཞུགས་མི་བྱེད་མཁན་རྒྱལ་ཁབ་དགུ་ཡོད་པ་ནི། རྒྱ་ནག་དང༌། བྱང་ཀོ་རི་ཡ། ཨི་ཇིཔཏ་ རྒྱ་གར། ཨིན་ཌོ་ནེ་ཤི་ཡ། ཨི་རན། ཨི་སི་རེལ། པ་ཀི་སི་ཏན་ ཨ་མི་རི་ཀ་བཅས་ངེས་པར་དུ་རྡུལ་ཕྲན་གོ་མཚོན་ཚོད་ལྟའི་ལས་དོན་བཀག་འགོག་གི་ཆིངས་ཡིག་དེའི་ནང་བཅུག་ཐབས་བྱ་དགོས་པའི་སྐོར་གསུང་ཡོད་པ་དང། ད་ལྟའི་དུས་སྐབས་དེར་འཛམ་གླིང་ནང་རང་འགུལ་གྱི་ཐོག་ནས་རྡུལ་ཕྲན་གོ་མཚོན་ཚོད་ལྟ་མི་བྱེད་པ་ནི་རིན་ཐང་ལྡན་པ་ཞིག་ཡིན་པ་དང༌། ཡིན་ནའང་རྒྱལ་སྤྱི་ཁྱོན་ཡོངས་ལ་བཀག་བསྡོམས་ཀྱི་གཏན་འཁེལ་ཆིངས་ཡིག་ཅིག་བྱུང་མེད་པར་བརྟེན་ནས། གཞི་རྒྱ་ཆེ་བའི་རྡུལ་ཕྲན་གོ་མཚོན་ཚོད་ལྟ་བཀག་འགོག་གི་ཆིངས་ཡིག་གང་མགྱོགས་གཏན་འབེབས་ཡོང་ཐབས་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་པ་གསུང་ཡོད་པ་རེད། སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་མཆོག་གིས། གོང་གསལ་རྡུལ་ཕྲན་གོ་མཚན་ཚོད་ལྟའི་ལས་དོན་བཀག་འགོག་གི་ཆིངས་ཡིག་གཏན་འབེབས་བཟོ་མཁན་རྒྱལ་ཁབ་༡༥༤ ཡི་བློན་ཆེན་ཁག་དང༌། མཐོ་རིམ་སྐུ་ཚབ་གདན་ཞུ་གནང་སྟེ། རིང་མིན་ཕྱི་ཟླ་དགུ་པའི་ཚེས་༢༣ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཟུར་དུ་ལྷན་འཛོམས་ཀྱིས། ཆིངས་ཡིག་གི་འབྲུ་དོན་དངོས་སུ་ལག་བསྟར་ཡོང་ཐབས་འབད་བརྩོན་གནང་རྒྱུའི་འཆར་གཞི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org