བོད་ནང་དགེ་འདུན་པ་གར་སོང་ཆ་མེད་དུ་བཏང་བ།
མཉམ་འབྲེལ་རྒྱལ་ཚོགས་ནས་བོད་ནང་དགེ་འདུན་པ་གར་སོང་ཆ་མེད་དུ་བཏང་བའི་གནས་ཚུལ་ཁ་གསལ་བརྗོད་དགོས་པའི་རེ་སྐུལ།
-
2011-06-08 -
-
-
༄༅༎དེ་རིང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ བཙན་ཤེད་དང་འདོད་པ་མེད་བཞིན་དུ་གར་སོང་ཆ་མེད་དུ་བསྒྱུར་བ་ཚོའི་ཆེད་དུ་ལས་དོན་གནང་མཁན་ཚོགས་ཆུང་གིས་རྒྱ་ནག་གཞུང་ལ། བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཐེ་པའི་གཞན་ཡང་རྒྱ་ནག་ནང་བཙན་ཤེད་འོག་གར་སོང་ཆ་མེད་དུ་བཏང་བའི་མི་སྣ་ཚོའི་སྐོར་རྒྱ་གཞུང་གིས་གནས་ཚུལ་ཁ་གསལ་བརྗོད་དགོས་རྒྱུའི་རེ་སྐུལ་གནང་འདུག།
ཉེ་ལམ་ཕྱི་ཟླ་༤ཚེས་༢༡ཉིན་མདོ་སྨད་རྔ་བ་ཀིརྟི་དགོན་པ་ནས་རྒྱ་ནག་བཅིངས་འགྲོལ་དམག་མི་དང་སྤྱི་བདེ་ལས་ཁུངས་ཀྱི་དམག་མིས་དགེ་འདུན་པ་༣༠༠ལྷག་འཛིན་བཟུང་བྱས་ནས་དམག་མིའི་རླངས་འཁོར་ཆེ་བ་བཅུའི་ནང་བཙན་འཁྲིད་བྱས་ནས་ད་ཆ་དགེ་འདུན་པ་རྣམས་གར་ཡོད་སུས་ཀྱང་གསལ་པོ་ཤེས་རྟོགས་མེད་པ་རེད། སུད་སི་གྲོང་ཁྱེར་ཇི་ནེ་ཝའི་ནང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བཙན་ཤེད་དང་གར་སོང་ཆ་མེད་དུ་བསྒྱུར་བ་ཚོའི་ཆེད་ལས་དོན་གནང་མཁན་ཚོགས་ཆུང་གིས་བོད་ནང་གི་གནས་སྟངས་དེའི་ཐད་ཐུགས་ཚབས་ཆེན་པོ་གནང་བ་དང་འབྲེལ། རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོས་ བཙན་ཤེད་ཀྱི་སྒོ་ནས་འཛིན་བཟུང་བཙན་འཁྲིད་བྱེད་བཞིན་པའི་གནད་དོན་ཐོག་རྟོག་ཞིབ་ཐིལ་ཕྱིན་པ་གནང་དགོས་རྒྱུ་དང༌། གང་བྱུང་བཙན་འཁྲིད་བྱ་རྒྱུའི་བཀའ་བཏང་མཁན་འགོ་ཁྲིད་ཚོར་ནག་ཉེས་ལ་དཔག་པའི་ཁྲིམས་བཅོས་ཉེས་པ་གཏོང་དགོས་རྒྱུའི་རེ་སྐུལ་རྒྱ་ནག་གཞུང་ལ་གནང་འདུག།