ལྷོ་ཨཕ་རི་ཀར་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས།

གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་སྐབས་ཁོར་ཡུག་ནང་ནག་རྫས་འབར་རླངས་གཏོང་ཚད་ལ་ཉུང་འཁྲི་བྱ་རྒྱུའི་གྲོས་འཆར་ལ་མོས་མཐུན།

༄༅༎འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་འདུ་བསྐོང་གནང་བའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་མཇུག་བསྒྲིལ་མ་གནང་གོང་ཁོར་ཡུག་ནང་ནག་རྫས་འབར་རླངས་གཏོང་ཚད་ལ་ཉུང་འཁྲི་བྱ་རྒྱུའི་གྲོས་འཆར་ལ་མོས་མཐུན་བྱུང་འདུག ལྷོ་ཨཕ་རི་ཀའི་གྲོང་ཁྱེར་ཌར་སྦན་དུ་ཚོགས་པའི་ལྷན་ཚོགས་སུ་འབྱུང་འགྱུར་ཕྱི་ལོ་༢༠༢༠་ལོ་ནས་ལག་བསྟར་བྱ་རྒྱུའི་གྲོས་མཐུན་ཕྱི་ལོ་༢༠༡༥་ནང་ཚུད་གཏན་འབེབ་ཐུབ་པ་གནང་རྒྱུར་གྲོས་མཐུན་བྱུང་ཡོད་ཅིང་། ལྷན་ཚོགས་སུ་བཞུགས་མི་ཚོགས་མི་རྒྱལ་ཁབ་༡༩༤་ཡོངས་རྫོགས་ཀྱི་གྲོས་མཐུན་དགོངས་མཐུན་ལྟར་ལག་བསྟར་བྱ་རྒྱུར་མོས་མཐུན་གནང་ཡོད་པ་རེད།    དེ་སྔོན་ཉི་འོང་དུ་ཕྱི་ལོ་༡༩༩༧་ལོར་བཞག་པའི་ཀིཡོ་ཏོ་གནམ་གཤིས་འགྱུར་ལྡོག་ཆིངས་དོན་ཁོངས་སུ་རྒྱ་ནག་དང་རྒྱ་གར་སོགས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ཚུད་མེད་ཅིང་།     རྒྱ་ནག་དང་རྒྱ་གར་སོགས་ཡུལ་གྲུ་ཆེ་ཁག་དེ་དག་གིས་ཁོར་ཡུག་ནང་ནག་རྫས་དང་ནག་རྫས་འབར་རླངས་མང་ཤོས་གཏོང་གི་ཡོད་པ་རེད། འོན་ཀྱང་ཀིཡོ་ཏོ་ཆིངས་དོན་དེའི་ཡུན་ཚད་ཀྱང་ཕྱི་ལོ་༢༠༡༢་ཤར་སྐབས་རྫོགས་ཀྱི་ཡོད་པས་དེའི་ནང་བཞུགས་མཁན་ཡར་ཐོན་རྒྱལ་ཁབ་ཉི་འོང་དང་ཁེ་ན་ཌ་སོགས་ཀྱིས་སླར་ཡང་ཆིངས་དོན་གྱི་དགོངས་དོན་ལྟར་མུ་མཐུད་ལག་བསྟར་བྱ་རྒྱུར་མོས་མཐུན་གནང་གི་མེད་པ་རེད།    དེའི་རྒྱུ་མཚན་ཡང་རྒྱ་དཀར་ནག་དང་ཨུ་རུ་སུ་སོགས་ཀྱིས་ཆིངས་དོན་ནང་ཞུགས་ཀྱི་མེད་སྟབས། རྒྱལ་ཁབ་ཉུང་ཤས་ཀྱིས་ལག་བསྟར་བྱས་པར་ཕན་འབྲས་ཆེ་བ་ཡོང་བཟོ་མེད་པར་གཟིགས་ཀྱི་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org