འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པའི་ལོ་རེའི་སྙན་ཐོ།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་སྤྱི་མཐུན་གྱིས་འགྲོ་བ་མིའི་ཐོབ་ཐང་ཐོག་ལག་ལེན་བསྟར་ཕྱོགས་ཐད་སྐྱོན་བརྗོད་ཡོད་པ་རེད།

༄༅༎འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་སྤྱི་མཐུན་གྱིས་འགྲོ་བ་མིའི་ཐོབ་ཐང་ཐོག་ལག་ལེན་བསྟར་ཕྱོགས་དེ་འཇམ་པོའི་ཐོག་གནང་བའི་སྲིད་བྱུས་འཛིན་སྟངས་དེར་སྐྱོན་བརྗོད་དྲག་པོ་གནང་ཡོད་པ་རེད་            ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་ལོ་རེའི་སྙན་ཐོ་འདོན་སྤེལ་གནང་བའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་སྤྱི་མཐུན་གྱིས་རྒྱ་ནག་ནང་དང་ཨུཛ་སྦེ་ཀིསི་ཏན་སོགས་པའི་ལུང་པའི་ནང་གི་འགྲོ་བ་མིའི་ཐོབ་བརྡལ་བཤིག་བཏང་དང་གཏོང་བཞིན་པ་དེ་དག་ལ་གདོང་ལེན་ཆེད་གྲོས་མོལ་དང་མཐུན་འབྲེལ་ཐོག་དཀའ་རྙོག་དེ་སེལ་རྒྱུའི་ཐབས་བྱུས་དེ་ལམ་ནོར་བ་ཞིག་ལ་འཁྲིད་ཀྱི་ཡོད་སྐོར་སྐྱོན་བརྗོད་དྲག་པོ་གནང་ཡོད་པ་རེད་ འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་སྙན་ཐོ་དེ་ཡོ་རོབ་སྤྱི་མཐུན་གྱི་རྒྱལ་ས་སྦར་སེལ་སི་དུ་ཡོ་རོབ་སྤྱི་མཐུན་གྱིས་རྩོད་གཞི་ཡོད་པའི་ཨུཛ་སྦེཀ་གྱི་སྲིད་འཛིན་ཨིསི་ལམ་ཀརི་མོལྦ་ལ་ངོ་རྒོལ་བྱེད་མཁན་མང་དག་ཡོད་མིན་ལ་མ་ལྟོས་པར་ཁོང་ལ་སྣེ་ལེ་གཟབ་རྒྱས་བྱས་པའི་ཉིན་དེར་སྙན་ཐོ་དེ་འདོན་སྤེལ་གནང་ཡོད་པ་རེད་           འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་རྒྱུན་ལས་འགན་འཛིན་སྐུ་ཞབས་ཀེ་ནིཐ་རོཐ་ཡིས་སྙན་ཐོ་དེའི་མདུན་ཤོག་ཏུ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་ཡིན་ཟེར་མཁན་ཚོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མི་ཐུབ་པའི་གནས་སྟངས་དེར་སྐྱོན་བརྗོད་དྲག་པོ་གནང་ཡོད་པ་རེད་ ཁོང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན་སོགས་ཀྱིས་ཞི་འཇམ་ཐོག་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཤུགས་ཆེ་འདོན་སྤེལ་བྱེད་པ་དེ་གནད་དོན་གཞན་ཁག་གལ་གནད་ཆེ་བར་ངོས་འཛིན་བྱེད་པའི་གཡོ་བྱུས་ཤིག་ཡིན་སྐོར་ཡང་སྐྱོན་བརྗོད་གནང་ཡོད་པ་རེད་

ཡང་ཁོང་གིས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ཚོགས་སྡེ་ཁག་གིས་རྒྱ་ནག་གིས་ཡུལ་གྱི་གཞི་རྩའི་རང་དབང་ཐོག་དྲག་གནོན་བྱེད་དང་བྱེད་བཞིན་པ་དེར་ཨ་རི་དང་ཡོ་རོབ་ཀྱིས་དངུལ་བུན་གཡར་ཕྱིར་སྤྲོད་བྱེད་དགོས་པའི་གནད་དོན་དང་ཨཕི་རི་ཀའི་ཡུལ་ཁག་ནང་རྒྱ་ནག་གིས་གཏེར་ཁ་བསྔོན་འདོན་ཐོག་མ་རྩ་འཛུགས་འཇོག་བྱས་པའི་སོགས་ཀྱི་རྐྱེན་གྱིས་རྒྱ་ནག་ལ་དཔའ་མཛངས་ལྡན་པའི་ཐོག་གདོང་ལེན་བྱེད་མཁན་སུ་ཡང་ཡོད་པ་མ་རེད་ཅེས་གསུང་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org