སྐལ་བཟང་ཡར་འཕེལ་དང་པདྨ་རིག་འཛིན་གཉིས་བཙོན་འཇུག
བོད་ནང་གི་དཀྲོལ་ལེན་པ་སྐལ་བཟང་ཡར་འཕེལ་དང་གླུ་བ་པདྨ་རིག་འཛིན་གཉིས་ལ་རྒྱ་ནག་གིས་དུས་བཀག་ཁྲིམས་ཐག་བཅད་འདུག
-
2014-12-02 -
-
-
Your browser doesn’t support HTML5 audio
བོད་ནང་གི་དཀྲོལ་ལེན་པ་སྐལ་བཟང་ཡར་འཕེལ་དང་གླུ་བ་པདྨ་རིག་འཛིན་གཉིས་ལ་རྒྱ་ནག་གིས་དུས་བཀག་ཁྲིམས་ཐག་བཅད་འདུག
དེ་ཡང་ཕྱི་ཟླ་་༡༡་པའི་ཚེས་༢༧ ཉིན་རྒྱ་ནག་གིས་བོད་རིགས་གཞས་པ་གཉིས་ཆབ་སྲིད་ཀྱི་ནང་དོན་ཡོད་པའི་གཞས་སྣ་བཏང་བ་དང་སྒྲིག་སྦྱོར་བྱས་པའི་ཉེས་འཛུགས་ཀྱིས་ལོ་ངོ་གཉིས་དང་ཕྱེད་ཀ་ནས་བཞི་བར་དུ་བཙོན་འཛུགས་ཁྲིམས་ཐག་བཅད་པའི་གནས་ཚུལ་བྱུང་འདུག་།་ དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་འབྲེལ་ཡོད་བརྒྱུད་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཟླ་བཅུ་གཅིག་པའི་ཚེས་༢༧་རེས་གཟའ་ཕུར་བུའི་ཉིན་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཁྲིམས་ཁང་ཞིག་ནས་བོད་ནང་གི་གླུ་བ་དང་། དཀྲོལ་ལེན་པ་སྐལ་བཟང་ཡར་འཕེལ་ལགས་ལ་ལོ་ ༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་དེ་སྔ་ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༦ ཚེས་༡༤ ཙམ་ལ་རྒྱ་གཞུང་ཉེན་རྟོག་པས་ལྷ་ས་ནས་འཇུ་བཟུང་བྱས་ཏེ། ཁྲིན་ཏུའུ་གྲོང་ཁྱེར་གྱི་ལྟ་སྲུང་ཁང་ཞིག་ཏུ་ཟླ་བ་ ༡༦ ལྷག་ཙམ་རིང་བཀག་ཉར་བྱས་རྗེས། ཕྱི་ལོ་ ༢༠༡༣ ལོར་ཁོང་གིས་གཙོ་སྒྲུབ་གནང་བའི་༼ཁ་བའི་མེ་ཏོག་རིག་རྩལ་སྤྲོ་ཚོགས་ཆེན་མོ༽དང་། ཁོང་གི་གླུ་གཞས་༼བོད་པ་ཚོ༽དང་༼བླ་མ་ལགས༽ཞེས་པ་སོགས་ཀྱི་ནང་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་ནག་ཉེས་བཙུགས་ཡོད་པ་ཚོད་དཔག་བྱེད་བཞིན་པ་རེད། ཡང་བཞུགས་སྒར་དུ་ཡོད་པའི་ཀིརྟི་དགོན་པའི་མགྲིན་ཚབ་པས་ངོ་སྤྲོད་བྱས་བ་ལྟར་ན། ཉིན་དེར་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཅེན་ཉོས་ཆས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། གླུ་བ་རང་ལོ་ ༤༤ ཡིན་པའི་པདྨ་རིག་འཛིན་ལགས་སུ། ཆབ་སྲིད་དང་འབྲེལ་བ་ཡོད་པའི་བོད་སྐད་གླུ་གཞས་འོད་སྡེར་སྒྲིག་སྦྱོར་དང་པར་སྐྲུན་བྱས་པའི་ཉེས་མིང་འོག་ལོ་༢ དང་ཟླ་༦ གི་བཙོན་འཇུག་ཁྲིམས་ཐག་དང་། རྒྱ་སྒོར་ ༥༠༠༠༠ ། ཉེས་ཆད་བཅད་ཡོད་འདུག
གོང་གི་སྐལ་བཟང་ཡར་འཕེལ་ལགས་ནི་རྨ་ཆུ་རྫོང་རྨ་ཁུག་རྟ་རར་སྐྱེས་ཤིང་། ཕ་མིང་ལ་མགོན་པོ་ཚེ་བརྟན་དང་མ་མིང་ལ་མ་ཁོ་ཟེར་གྱི་ཡོད་འདུག པདྨ་རིག་འཛིན་ནི་རྔ་པ་རྫོང་རྨེ་རུ་མ་ཡུལ་ཚོའི་རུ་ཆེན་ ༤ པ་ནས་ཡིན་ཞིང་། ཁོང་རང་ཆུང་དུས་ནས་རྔ་པ་རྫོང་གནམ་མཚོ་དགོན་པ་རུ་གྲྭ་བ་བྱས་ཏེ། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་སློབ་གཉེར་གནང་མྱོང་ལ། ཕྱིས་སུ་སྐྱ་སར་བབས་ཏེ་བཟའ་ཟླ་བཀྲ་ཤིས་ཆོས་སྒྲོན་དང་གཉེན་སྒྲིག་གིས་ད་ལྟ་བུ་ ༢ དང་བུ་མོ་ ༡ བཅས་ཡོད་འདུག
གསར་འགོད་པ་ཀརྨ་རྡོ་རྗེ།