སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཐུག་འཕྲད་བྱུང་།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བཙོན་འཇུག་བྱས་པ་ནས་བཟུང་། ནང་མི་སྤུན་མཆེད་ཚོས་ཁོང་དང་ཐུག་འཕྲད་ཐེངས་དྲུག་ལྷག་ཙམ་གནང་ཐུབ་ཡོད་པ་རེད་འདུག
-
2013-01-03 -
-
-
༄༅། །སྔ་ལོ་ཕྱི་ཟླ་ ༨ ཚེས་ ༡༤ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྲིང་མོ་ཀྲོན་ཐར་ལགས་དང་། ཉེ་འབྲེལ་ཨོ་ཐོག་ཛུ་རིག་ལགས་གཉིས་ཀྱིས་སི་ཁྲོན་ཞིང་ཆེན་གྱི་ཁྲེན་ཏུ་ཉེ་འཁྲིས་སུ་ཡོད་པའི་མན་ཨང་ས་གནས་སུ་ རིན་པོ་ཆེ་ལྷན་དུ་ཚོུད་ཕྱེད་ཀ་ཙམ་རིང་མཇལ་འཕྲད་བཀའ་མོལ་ཞུས་ཐུབ་པ་བྱུང་ཡོད་སྐོར་བོད་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག སྐབས་དེར་རིན་པོ་ཆེ་མཆོག་གིས་ཁོང་རྣམ་གཉིས་ལ་ལས་ཁུངས་གང་སར་ཞུ་གཏུགས་ཆེད་ཕྱག་བྲིས་ཤིག་གནང་ཡོད་པ་རེད། ཡིན་ནའང་བཙོན་སྲུང་བས་ཡི་གེ་དེ་བཙན་འཕྲོག་བྱས་ཏེ་ད་ལྟའི་བར་རིན་པོ་མཆོག་གི་ཕྱག་བྲིས་དེ་ལག་སོན་ཐུབ་མེད་པར་གསལ་འདོན་གནང་བཞག རིན་པོ་མཆོག་དང་མཇལ་འཕྲད་བྱེད་སའི་ས་གནས་དེ་རྒྱུན་ལྡན་ཁོང་བཙོན་འཇུག་བྱེད་ས་དེ་མིན་པ་དང་། དངོས་སུ་བཙོན་འཇུག་བྱ་སའི་བཙོན་ཁང་གི་མིང་དེ་ཕྱིར་བསྒྲགས་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག སྤྲུལ་སྐྲུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་། སྔ་རྗེས་མཇལ་འཕྲད་ཞུ་མཁན་རིམ་པས་ཤེས་རྟོགས་བྱུང་བ་ལྟར་ན། རིན་པོ་ཆེ་མཆོག་ལ་སྙིང་ནད་ཕོག་ཡོད་པ་དང་། ཁོང་གློ་བུར་དུ་དྲན་མེད་འགྱེལ་སོང་བའི་སྐོར་དང་། དེ་བཞིན་རིན་པོ་མཆོག་གི་ཞབས་གཉིས་ཀྱང་ཐང་ཐང་མེད་པ་ཆགས་ཡོད་པའི་འགྲེལ་བརྗོད་གནང་འདུག།